ཨ་བི་མེ་ལེག་གི་རྩར་དཱ་བིད་ཀྱིས་སྨྱོ་ཚུལ་བྱས་ནས། དེར་ཁོང་བཏོན་བཏང་སྟེ་ཆས་པའི་དུས་ཀྱི་གསུང་མགུར་ཞིག་ནི།
༣༤
ཡཱ་ཝཱེར་ང་ཡིས་དུས་རྒྱུན་བཀྲ་ཤིས་བརྗོད་པར་བྱ། ཁོང་གི་སྟོད་སྒྲ་རྟག་ཏུ་ངའི་ཁ་ནང་ལུས་འོང་།༢ ཡ་ཧོ་ཝཱ་ནང་ང་ཡི་སེམས་ཀྱིས་ངོམ་བསྟན་འགྱུར། སྙེམས་ཆུང་རྣམས་ཀྱིས་འདི་ཐོས་པས་ནི་ཡིད་དགར་འགྱུར།
༣ ང་མཉམ་ཡཱ་ཝཱེའི་ཆེ་བ་བརྗོད་པར་བྱོས་ཤིག་དང་། ངེད་ཅག་འགྲོགས་ནས་ཁོང་གི་མཚན་ལ་བསྟོད་པར་བྱ།
༤ ང་ཡིས་ཡཱ་ཝཱེ་བཙལ་ནས་ཁོང་གིས་བཀའ་ལན་གནང་། བདག་གི་འཇིགས་པ་ཀུན་ལས་ཁོང་གིས་ང་ཐར་བཅུག
༥ དེ་ཚོས་ཁོང་ཕྱོགས་བལྟས་པས་སྐྱ་ལྷམ་ལྷམ་གྱུར་ཏེ། དེ་ཚོའི་གདོང་ནི་ནམ་ཡང་ངོ་ཚ་བར་མི་འགྱུར།
༦ སྡུག་པོའི་མི་འདིས་འོ་དོད་བཏང་ནས་ཡཱ་ཝཱེས་གསན། སྡུག་བསྔལ་ཀུན་ལས་ཁོང་གིས་ཐར་དུ་བཅུག་པར་མཛད།
༧ ཡ་ཧོ་ཝཱ་ལ་འཇིགས་མཁན་རྣམས་ཀྱི་ཕྱོགས་བཞི་རུ། ཁོང་གི་ཕོ་ཉས་དམག་སྒར་ཤོམ་ཞིང་དེ་དག་སྐྱོབ།
༨ ཡཱ་ཝཱེ་ཇི་འདྲ་བཟང་བ་ཡིན་པ་བལྟས་ནས་མྱོང་། ཁོང་ལ་བློ་གཏད་མཁན་གྱི་མི་ནི་བཀྲ་ཤིས་སོ༎
༩ ཡཱ་ཝཱེར་འཇིགས་མཁན་མི་ལ་འུ་ཐུག་ཅང་མེད་པས། ཀྱེ་ཁྱེད་དམ་པའི་མི་རྣམས་ཁོང་ལ་འཚབས་པར་བྱོས།
༡༠ སེང་ཕྲུག་འུ་ཐུག་ལྟོགས་ཀྱང་ཡཱ་ཝཱེ་བཙལ་མཁན་གྱི། མི་ལ་ལེགས་པོ་གང་ཡང་དཀོན་པ་འབྱུང་མི་འགྱུར།
༡༡ ཕྲུ་གུ་ཁྱོད་རྣམས་ཚུར་ཤོག་ང་ཡི་གཏམ་ལ་ཉོན། ཡཱ་ཝཱེར་འཇིགས་པ་ཁྱོད་ཅག་ལ་ངས་བསླབ་པར་བྱ།
༡༢ ཚེ་ནི་འཚོ་བར་དགའ་ཞིང་སྐྱིད་པོ་མཐོང་བའི་ཕྱིར། ཚེ་རིང་བ་ལ་འཐད་པའི་མི་ནི་སུ་ཡོད་དམ།
༡༣ ངན་ལས་ལྕེ་དང་གཡོ་སྒྱུ་ལས་ནི་ཁ་ལྤགས་སྲུངས།
༡༤ ངན་སྤོང་བཟང་བྱོས་སྡུམ་པ་འཚོལ་ཞིང་དེད་པར་གྱིས།
༡༥ ཡ་ཧོ་ཝཱ་ཡི་སྤྱན་གྱིས་ཆོས་དྲང་དག་ལ་གཟིགས། ཁོང་གི་སྙན་གྱིས་དེ་དག་ཀུན་གྱི་འོ་དོད་གསན།
༡༦ ལས་ངན་བྱེད་པའི་ལག་རྗེས་ས་ལས་སྣུབ་ཕྱིར་རུ། ཡ་ཧོ་ཝཱ་ཡི་ཞལ་གྱིས་དེ་རྣམས་ལ་སྡང་ངོ་༎
༡༧ ཆོས་དྲང་མི་ཡིས་བོས་ནས་ཡཱ་ཝཱེས་གསན་མཛད་དེ། དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ལས་ཐར་བར་མཛད།
༡༨ སྙིང་ནི་ཆག་ནས་ཡོད་པའི་མི་དང་ཡཱ་ཝཱེ་ཉེ། སེམས་ནི་སྣད་ནས་ཡོད་པ་རྣམས་ནི་སྐྱོབ་པར་མཛད།
༡༩ ཆོས་དྲང་མི་ལ་སྡུག་བསྔལ་མང་བ་ཡོད་ན་ཡང་། ཁོ་ནི་ཡ་ཧོ་ཝཱ་ཡིས་དེ་དག་ལས་སྐྱོབ་བོ༎
༢༠ ཁོང་གིས་མི་དེའི་རུས་པ་ཐམས་ཅད་ཉ་ར་མཛད། དེ་དག་ནང་ནས་གཅིག་ཀྱང་མ་ཆག་པར་འདུག་གོ།
༢༡ མི་དགེས་སྡིག་སྤྱོད་དག་གི་སྲོག་ནི་གཅོད་པར་འགྱུར། ཆོས་དྲང་དག་ལ་སྡང་མཁན་ཉེས་ཅན་རྩི་བར་འགྱུར།
༢༢ ཡཱ་ཝཱེས་ཉིད་ཀྱི་ཞབས་ཕྱི་རྣམས་ཀྱི་སྲོག་སྐྱོབ་ཅིང་། ཁོང་ལ་གདེང་བྱེད་གང་ཡང་ཉེས་ཅན་རྩི་མི་འགྱུར༎