དཱ་བིད་ཀྱི་གསུང་མགུར་ཞིག་ནི། ཕོ་བྲང་ལ་རབ་གནས་བྱེད་སྐབས་ཀྱི་མགུར་དབྱངས་སོ༎
༣༠
ཡཱ་ཝཱེས་བདག་ནི་སྤར་ཏེ་ངའི་དགྲ་རྣམས། ངའི་ཕྱིར་དགར་མ་གནང་བས་ངས་ཁྱེད་སྟོད།
 ཀྱེ་ངའི་དཀོན་མཆོག་ཡཱ་ཝཱེ་ཁྱེད་ལ་ངས། བོས་ནས་བདག་གི་ནད་ནི་གསོ་མཛད་བྱུང་།
 ཡཱ་ཝཱེས་ངའི་སེམས་གཤིན་ཁམས་ནས་བཏོན་བྱུང་། དུར་ནང་མི་འགྲོ་ཕྱིར་ང་གསོན་པོར་བཞག
 ཁོང་གི་སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས། ཡ་ཧོ་ཝཱ་ལ་བསྟོད་པའི་དབྱངས་ཕུལ་ཞིག ཁོང་གི་དམ་པའི་མཚན་ལ་གཏང་རག་ཕུལ།
 ཐུགས་ཁྲོ་ཡུད་ཅིག་ཐུགས་རྗེ་ཚེ་གང་གནས། མཚན་མོར་ངུ་དགོས་འབྱུང་བ་སྲིད་ན་ཡང་། སྔ་དྲོ་དགའ་མགུ་རང་བ་འབྱུང་བ་བྱེད།
 ང་ནི་དར་དུས་ནམ་ཡང་མི་གཡོ་སྨྲས།
 ཡཱ་ཝཱེའི་ཐུགས་རྗེས་ངའི་རི་འཇགས་སུ་བཅུག ཁྱེད་ཀྱི་ཞལ་གདོང་སྦས་པས་ང་འཇིགས་བྱུང་།
 ཡཱ་ཝཱེ་ཁྱེད་ལ་བདག་གིས་འོ་དོད་བཏང་། ཡ་ཧོ་ཝཱ་ལ་བདག་གིས་འཕྲིན་བཅོལ་བྱས།
 དུར་ནང་འགྲོ་མཚམས་ང་འཆི་ཕན་པ་ཅི། ཐལ་བས་ཁྱེད་ལ་བསྟོད་སྒྲ་བྱེད་འོང་ངམ།
༡༠ ཡཱ་ཝཱེ་གསན་ཞིག་ང་ལ་སྙིང་རྗེ་མཛོད། ཡཱ་ཝཱེ་ཁྱེད་ངའི་ར་མདའ་འགྱུར་བར་ཤོག
༡༡ ང་ཡི་མྱ་ངན་ཁྱེད་ཀྱིས་གར་དུ་བསྒྱུར། བདག་གི་སྡུག་གོས་ཁྱེད་ཀྱིས་ཕུད་མཛད་དེ། དགའ་སྤྲོའི་སྐ་རགས་ང་ལ་བཅིང་བར་མཛད།
༡༢ དེ་ནི་ངའི་སེམས་ཁ་རོག་མ་བསྡད་པར། ང་ཡི་དཔལ་གྱིས་ཁྱེད་ལ་བསྟོད་པའི་དབྱངས། འབུལ་ཕྱིར་ཡིན་ཏེ་དུས་རྒྱུན་ཀྱེ་ཡཱ་ཝཱེ། ང་ཡི་དཀོན་མཆོག་ཁྱེད་ལ་གཏང་རག་དབུལ༎