དཱ་བིད་ཀྱི་གསོལ་འདེབས་ཤིག་ནི།
༡༧
ཡཱ་ཝཱེ་བདེན་པར་གསོན་ཞིག་བདག་གི་འོ་དོད་ལ། སྣང་རྟགས་མཛོད་ཅིག་ཚུལ་འཆོས་མིན་པའི་ཁ་ལྤགས་ལས། འཐོན་པའི་སྨོན་ལམ་ལ་ནི་ཁྱེད་སྙན་གཏད་པར་མཛོད།༢ ཁྱེད་ཀྱི་དྲུང་ནས་བདག་གི་ཁྲིམས་ཐག་གཅོད་པར་ཤོག སྤྱན་གྱིས་དྲང་པོ་ཡིན་པ་རྣམས་ལ་གཟིགས་པར་ཤོག
༣ ཁྱེད་ཀྱིས་ངའི་སྙིང་བརྟགས་ནས་མཚན་མོར་གཟིགས་པ་ཡིན། ཁྱེད་ཀྱིས་ང་ལ་ཞིབ་དཔྱོད་མཛད་ཀྱང་ཅིའང་མ་རྙེད། ངའི་ཁས་མི་འཕྱུགས་པ་ནི་བདག་གིས་དམིགས་ནས་ཡོད།
༤ མིའི་ལས་རྣམས་ནང་ཁྱེད་ཀྱི་ཞལ་ལྤགས་བཀའི་ཐབས་ཀྱིས། དབང་ཤུགས་བྱེད་མཁན་ལམ་ལས་ང་རང་བསྲུངས་པ་ཡིན།
༥ ཁྱེད་ཀྱི་ལམ་ནང་བདག་གི་གོམ་སྟབས་བརྟན་པར་གནས། བདག་གི་རྐང་པ་རྣམས་ཀྱང་འདྲེད་པར་མ་གྱུར་ཏོ༎
༦ དཀོན་མཆོག་ཁྱེད་ཀྱིས་ང་ལ་བཀའ་ལན་གནང་འོང་བས། བདག་གིས་ཁྱེད་ལ་བོས་པའི་ཞུ་བར་སྙན་ཐུད་མཛོད།
༧ ཁྱེད་ལ་བློ་བཏད་མཁན་རྣམས་དགྲ་ལས་ཕྱག་གཡས་པས། སྐྱོབ་མཛད་ཁྱེད་ཀྱི་ངོ་མཚར་ཆེ་བའི་བྱམས་ཐུགས་སྟོན།
༨ མིག་འབྲས་བཞིན་དུ་བདག་སྲུང་ཁྱེད་ཀྱི་འདབ་ཤོག་གི། གྲིབ་བསིལ་འོག་ཏུ་ང་སྦོས་ཅི་ཡི་ཕྱིར་ཞུ་ན།
༩ མི་ངན་ང་ལ་མགོ་ནོན་གཏོང་མཁན་གྱིས་བསྐོར་ནས། ངའི་སྲོག་གཅོད་པར་རྔམ་པ་རྣམས་ནི་ཡོད་པའི་ཕྱིར།
༡༠ དེ་དག་རང་གི་ཚིལ་གྱི་ནང་དུ་བཀར་ནས་འདུག ཁ་ནས་ཁ་བོ་ཆེ་ཡི་གཏམ་རྣམས་ཟེར་བར་བྱེད།
༡༡ གོམ་རེར་ངེད་ལ་རུབ་ཅིང་ངེད་སར་རྡབ་ཏུ་ཟིར།
༡༢ ཁོ་ནི་ལིངས་ལ་ཧམ་པའི་སེང་གེ་ཞིག་དང་འདྲ། ཕག་ཏུ་འཇབ་པར་བྱེད་པའི་སེང་གེ་དར་མ་འདྲའོ༎
༡༣ ཡཱ་ཝཱེ་བཞེངས་ཤིག་ཁོ་ལ་འཐབ་ཅིང་ས་ལ་རྡོབ། ཁྱེད་ཀྱི་རལ་གྲིས་བདག་ནི་སྡིག་སྤྱོད་ལས་སྐྱོབས་ཤིག
༡༤ ཡཱ་ཝཱེ་ཕྱག་གིས་མི་ལས་བདག་སྐྱོབས་ཤིག་ཞེས་ན། ཚེ་འདི་ཟ་སྐལ་ཡིན་པའི་འཇིག་རྟེན་པ་རྣམས་ལས། ཁྱེད་ཀྱི་གཏེར་ལས་དེ་ཚོའི་ལྟོ་བ་འགྲང་བར་མཛད། དེ་ཚོའི་ཡིད་ནི་བུ་ཕྲུག་གིས་ཀྱང་ཚིམ་ནས་འདུག ལུས་པའི་ནོར་རྣམས་བུ་རྣམས་ལ་ནི་བཞག་པར་བྱེད།
༡༥ འོན་ཀྱང་ང་ནི་དྲང་བ་ཉིད་ནང་ཁྱེད་མཇལ་འོང་། ང་གཉིད་སད་དུས་ཁྱེད་ཀྱི་བདེ་བས་ཚིམ་པར་འགྱུར༎