དཱ་བིད་ཀྱི་མིག་ཏཱམ་ཞིག་ནི།
༡༦
དཀོན་མཆོག་ཁྱེད་ལ་སྐྱབས་སུ་མཆི་བས་ང་སྐྱོབས་ཤིག ༢ ཡ་ཧོ་ཝཱ་ལ་ང་ཡིས་ཁྱེད་ངའི་གཙོ་བོ་ཡིན། ཁྱེད་མིན་ང་ལ་ལེགས་པོ་ཅིའང་མེད་ཞུས་པ་ཡིན།༣ ས་གཞིར་ཡོད་པའི་སྐྱེས་བུ་དམ་པ་རྗེ་བཙུན་རྣམས། དེ་དག་ནང་ན་བདག་གི་དགའ་སྤྲོ་ཐམས་ཅད་ཡོད།
༤ ཡཱ་ཝཱེའི་ཚབ་ཏུ་གཞན་ལྷ་བྱེད་པར་སྡུག་བསྔལ་འཕེལ། དེ་དག་གི་ནི་ཁྲག་གི་གསེར་སྐྱེམས་ངས་མི་འབུལ། དེ་དག་མིང་ཡང་ང་ཡི་ཁ་ལྤགས་ནས་མི་བརྗོད།
༥ ངའི་ནོར་སྐལ་དང་ཕོར་པའི་ཟ་སྐལ་ཡཱ་ཝཱེ་ཡིན། བདག་ལ་ཐོབ་པའི་ས་སྐལ་ཁྱེད་ཀྱིས་སྲུང་བར་མཛད།
༦ སྐྱིད་པའི་གནས་རྣམས་ལ་ནི་ངའི་ཕྱིར་ཐིག་སྐུད་ཕོག འོ་ན་བདག་ལ་བགོ་སྐལ་ལེགས་པོ་ཞིག་ཐོབ་བྱུང་།
༧ ང་ལ་སློབ་སྟོན་མཛད་པའི་ཡཱ་ཝཱེར་བསྟོད་བསྔགས་བྱ། མཚན་དུས་བདག་གི་མཁལ་མས་ཀྱང་ནི་བསླབ་བྱ་གཏོང་།
༨ དུས་རྒྱུན་ཡཱ་ཝཱེ་བདག་གིས་མདུན་དུ་བཞག་པ་ཡིན། ཁོང་ངའི་གཡས་ཕྱོགས་བཞུགས་པས་བདག་ནི་གཡོ་མི་འགྱུར།
༩ དེ་ཕྱིར་ངའི་སྙིང་དགའ་ཞིང་སེམས་ཀྱང་ཡི་རང་ངོ་། བདག་གི་ལུས་ཀྱང་ཞི་བདེར་གནས་པར་འཇུག་འགྱུར་བས།
༡༠ ངའི་སེམས་གཤིན་ཁམས་ནང་དུ་ཁྱེད་ཀྱིས་འཇོག་མི་འགྱུར། ཁྱེད་ཀྱི་དམ་པ་ཁོང་ནི་རུལ་དུ་འཇུག་མི་བྱ།
༡༡ ཁྱེད་ཀྱིས་ང་ལ་གསོན་པ་ཉིད་ལམ་བསྟན་པར་འགྱུར། དགའ་བ་ཕུན་སུམ་ཚོགས་པ་ཁྱེད་ཀྱི་སྐུ་དྲུང་ཡོད། ཕྱག་གཡས་ནང་དུ་གཏན་གྱི་བདེ་བ་རྣམས་ཡོད་དོ༎