དབུ་མཛད་ལ་གླིང་བུའི་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༥
ཡཱ་ཝཱེས་ང་ཡི་གཏམ་རྣམས་སྙན་དུ་ཟུང་། ང་ཡི་ཤུགས་ནར་རྣམས་ལ་ཐུགས་བསམ་བཞེས།༢ བདག་གི་རྒྱལ་པོ་བདག་གི་དཀོན་མཆོག་ལགས། ཁྱེད་གཅིག་གཅིག་པུར་སྨོན་ལམ་ངས་འདེབས་པས། ང་ཡི་འོ་དོད་སྒྲ་ལ་གསན་དུ་གསོལ།
༣ ཡ་ཧོ་ཝཱ་ཀྱེ་སྔ་གསར་ཁྱེད་ཀྱིས་ངའི། སྐད་ལ་གསན་འོང་ཐོ་རངས་དུས་སུ་ངས། སྨོན་ལམ་རྩོམ་ཞིང་ཁྱེད་ལ་སྒུག་པར་བྱ།
༤ ངན་པར་དགྱེས་པའི་དཀོན་མཆོག་ཁྱེད་མིན་པས། མི་ངན་ཁྱེད་དང་མཉམ་དུ་འགྲུལ་མི་ཐུབ།
༥ ང་རྒྱལ་ཅན་རྣམས་སྤྱན་སྔར་འཚུགས་མི་འགྱུར། སྡིག་སྤྱོད་ཀུན་ལ་ཁྱེད་ཀྱི་ཐུགས་ལོག་གོ།
༦ བརྫུན་ཚིག་ཟེར་མཁན་ཁྱེད་ཀྱིས་ཚར་གཅད་དོ། མི་གསོད་མཁན་དང་གཡོ་སྒྱུ་ཅན་རྣམས་ལ། ཡ་ཧོ་ཝཱ་ཡི་ཐུགས་ནས་ཞེན་པ་ལོག
༧ ཁྱེད་ཀྱི་བྱམས་ཐུགས་མང་པོར་བདག་བརྟེན་ཏེ། ཁྱེད་ཀྱི་ཕོ་བྲང་ནང་དུ་འགྲོ་བར་བྱ། ཁྱེད་ལ་འཇིགས་ཤིང་ཁྱེད་ཀྱི་དམ་པ་ཡི། མཆོད་ཁང་ཐད་དུ་ང་ཡིས་ཕྱག་འཚལ་བྱ།
༨ བདག་གི་དགྲ་རྣམས་ཆེད་དུ་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་དྲང་བ་ཉིད་ནང་བདག་འཁྲིད་མཛོད། ངའི་མདུན་ཁྱེད་ཀྱི་ཕེབས་ལམ་སྙོམས་པར་མཛོད།
༩ དེ་དག་ཁའི་ནང་བདེན་པ་ཅི་ཡང་མེད། དེ་ཚོའི་ཁོག་པ་ཤིན་ཏུ་ངན་པ་འདུག དེ་ཚོའི་ཨོག་མ་དུར་ཁུང་ཁ་ཕྱེས་འདྲ། དེ་དག་ལྕེ་ཡིས་ངོ་གསོའི་གཏམ་བྱེད་དོ༎
༡༠ དེ་རྣམས་ཉེས་ཅན་མཛོད་ཅིག་ཀྱེ་དཀོན་མཆོག དེ་དག་རང་གི་བརྫུན་གྱིས་འགྱེལ་བར་ཤོག དེ་ཚོས་ཁྱེད་ལ་ངོ་ལོག་བྱས་པས་ན། དེ་ཚོའི་ཉེས་འགལ་མང་བས་ཆམ་ལ་ཕོབ།
༡༡ ཁྱེད་ལ་བློ་གཏད་བྱེད་རྣམས་དགའ་བར་ཤོག ཁྱེད་ཀྱིས་སྲུང་བས་དེ་དག་དུས་རྒྱུན་དུ། དགའ་སྤྲོའི་རྐྱེན་གྱིས་སྤྲོ་བར་བྱེད་པར་ཤོག ཁྱེད་ཀྱི་མཚན་དེ་གཅེས་པར་འཛིན་པ་རྣམས། ཁྱེད་ཀྱི་ནང་ན་དགའ་མགུ་རངས་པར་ཤོག
༡༢ མི་ནི་དྲང་པོར་བྱིན་རླབས་མཛད་འོང་བས། ཡཱ་ཝཱེའི་ཐུགས་རྗེས་ཕུབ་ལྟར་ཁོ་འགེབས་འགྱུར༎