༣༦
ཨེ་ལི་ཧུས་འཕྲོ་མ་བཅད་པར་སྨྲས་པ། ༢ དཀོན་མཆོག་དོན་བདག་ལ་བཤད་རྒྱུ་ཡོད་པས། ཨེན་ཙམ་བཞུགས་དང་ངས་ཁྱེད་ལ་བསྟན་ཡོང་། ༣ རྒྱང་ནས་ཤེས་རབ་འདྲེན་ཞིང་ངའི་མཛད་པོའི། དྲང་བ་ཉིད་ཀྱི་ཆེ་བ་བརྗོད་པར་བྱ། ༤ ངའི་གཏམ་རྫུན་མིན་ངེས་པར་བདེན་པར་འཆད། ཡེ་ཤེས་ཕུལ་དུ་ཕྱིན་པ་ཁྱེད་མཉམ་འགྲོགས།༥ ལྟོས་དཀོན་མཆོག་མཐུ་ཆེ་སུ་ལའང་མི་སྨད། མཁྱེན་རབ་མཐུ་ནང་ཁོང་ནི་སྟོབས་དང་ལྡན། ༦ ཁོང་གིས་སྡིག་སྤྱོད་མི་ཡི་སྲོག་མི་སྐྱོབ། འོན་ཀྱང་སྡུག་ཕོངས་རྣམས་ལ་སྐྱབས་གནང་མཛད། ༧ ཆོས་དྲང་མི་ལས་སྤྱན་ཡང་མི་སྒྱུར་བར། དེ་དག་རྒྱལ་པོ་རྣམས་མཉམ་རྒྱལ་ཁྲིའི་སྟེང་། དེ་དག་གཏན་དུ་འཇོག་པས་མཐོང་བ་ལགས། ༨ ཇི་སྟེ་དེ་ཚོར་ལྕགས་སྒྲོག་འཕོག་འཇུག་ཅིང་། སྡུག་བསྔལ་ཐག་པས་བཅིང་སྟེ་དེ་དག་ལ། ༩ དེ་དག་གི་ལས་དང་ང་རྒྱལ་ངང་ནས། སྤྱད་པའི་ཉེས་པ་རྣམས་ཁོང་གིས་སྟོན་ཏེ། ༡༠ གདུལ་དུ་ཁོང་གིས་དེ་ཚོའི་རྣ་འབྱེད་ཅིང་། མི་འཚངས་པར་སྤྱོད་པ་སྤོང་དུ་བཀའ་སྩལ། ༡༡ གལ་ཏེ་དེ་རྣམས་ཉན་ཏེ་བཀའ་སྲུང་ན། དེ་དག་གི་ཞག་རྣམས་ལོངས་སྤྱོད་ནང་དང་། ལོ་རྣམས་བདེ་སྐྱིད་ནང་ན་རྫོགས་པར་འགྱུར། ༡༢ འོན་ཀྱང་དེ་དག་བཀའ་ལ་མ་ཉན་ན། རལ་གྲིས་འདའ་ཞིང་ཤེས་རབ་མེད་པར་འཆི། ༡༣ སྙིང་ཆོས་བྲལ་བས་ཁྲོ་བ་ལྷག་པར་སོག འཆིང་བར་འགྱུར་བའི་དུས་སུ་ངུ་མི་ངུ་། ༡༤ ན་སོ་དར་བསྒང་ལ་དེ་དག་འཆི་ཞིང་། གྲིབ་ཅན་ཁྲོད་དུ་དེ་རྣམས་ཚེ་ལས་འདའ། ༡༥ སྡུག་བསྔལ་སྒོ་ནས་དབུལ་ཕོངས་སྐྱོབ་པར་མཛད། སྡུག་བསྔལ་དུས་སུ་དེ་ཚོའི་རྣ་བ་འབྱེད།
༡༦ དེ་བཞིན་ཁྱེད་ཀྱང་དཀའ་སྡུག་ལས་བསྒྲལ་ཞིང་། སྡུག་མེད་པའི་གནས་ཡངས་པོར་འདྲེན་ལས་ཆེ། ཁྱོད་ལྕོག་ཙེར་བཤམས་པ་ཚིལ་གྱིས་ཚོས་འོང་། ༡༧ འོན་ཁྱོད་སྡིག་སྤྱོད་ཁྲིམས་ཀྱིས་ཁེངས་ཡོད་ན། གཤགས་དང་ཁྲིམས་ཀྱིས་ད་ཁྱེད་འཛིན་ནས་ཡོད། ༡༨ ཁྲོས་ཁ་འཕོག་སར་མི་སྐྱེལ་ཕྱིར་ཟོན་གྱིས། དེ་མིན་བླུ་རིན་ཆེན་པོས་སྐྱོབ་མི་ནུས། ༡༩ ཁོང་གིས་ཁྱེད་ཀྱི་ནོར་ལ་རྩི་འགྱུར་རམ། མིན་གསེར་རམ་སྟོབས་ཀྱི་མཐུས་ཕན་མི་འགྱུར། ༢༠ རང་གི་གནས་ལས་མི་རྣམས་འདའ་བའི་ཚེ། ཁྱེད་ཀྱིས་མཚན་མོར་ཆགས་སེམས་མ་བྱེད་ཅིག ༢༡ བྱ་ར་གྱིས་ལ་མི་དགེ་བ་མ་སྤྱོད། ཁྱེད་འདི་འདོད་མོད་སྡུག་བསྔལ་ཁྱེད་མི་འདོད།
༢༢ ཀྱེ་ཧོ་དཀོན་མཆོག་ཁོང་ཉིད་སྟོབས་ནང་འཕགས། ཁོང་ལྟར་སུ་ཡིས་ཞལ་གདམས་སྟོན་པར་ནུས། ༢༣ ཁོང་ཕྱིར་གཤེགས་ལམ་གང་གིས་གཏན་ལ་ཕབ། ཁྱེད་ཀྱིས་ལོག་པར་མཛད་ཅེས་ཞུ་སུས་ནུས། ༢༤ མི་ཡིས་མཐོང་བའི་ཁོང་གི་ཕྲིན་ལས་ཕྱིར། ཁོང་ལ་དཔའ་གཟེངས་བསྟོད་པ་ཡིད་ལ་ཆོང་། ༢༥ དེ་ནི་མི་ཐམས་ཅད་ཀྱིས་མཐོང་བར་ནུས། རྒྱང་རིང་ལས་ཀྱང་མིས་དེ་མཐོང་བར་བྱེད། ༢༦ ལྟོས་དཀོན་མཆོག་ཆེ་ཡང་ང་ཚོས་དེ་མི་རྟོགས། རྟོགས་པའི་ཡུལ་ལས་ཁོང་གི་དགུང་ལོ་འདས། ༢༧ ཆུ་ཐིགས་རྣམས་ནི་ཁོང་གིས་འདྲེན་པར་མཛད། དེ་ལས་རླངས་པར་བསྟན་པའི་ཆར་ཆུ་འབབ། ༢༨ གནམ་གྱིས་དེ་རྣམས་ས་ལ་འབེབས་པར་བྱེད། མི་ཡི་ཐོག་ཏུ་མོད་ཙམ་འབབ་པར་བྱེད། ༢༩ སུས་ཀྱང་ཁོང་གིས་སྤྲིན་རྣམས་རྐྱོང་ལུགས་དང་། གཟིམ་གུར་གྱི་འབྲུག་སྒྲ་རྣམས་རྟོགས་ནུས་སམ། ༣༠ ཀྱེ་ཧོ་ཁོང་ཉིད་འཁོར་དུ་འོད་སྣང་ཞིང་། རྒྱ་མཚོའི་གཏིང་རྣམས་ཁོང་གིས་གཡོག་པར་མཛད། ༣༡ འདི་དག་ངང་ནས་མི་ཡི་གཤགས་འབྱེད་པར་མཛད། ཁོང་གིས་ཟ་རྒྱུ་མང་པོ་གནང་བར་མཛད། ༣༢ ཁོང་ཉིད་ཕྱག་རྣམས་གློག་ནང་སྦ་བར་མཛད། རྟགས་ལ་འཕོག་ཏུ་དེ་ལ་བཀའ་གནང་མཛད། ༣༣ དུད་འགྲོ་ཡིས་རླུང་ལྡང་བའི་བརྡ་སྤྲོད་བཞིན། དེ་ཡི་འུར་སྒྲས་ཁོང་གི་སྐོར་སྒྲོག་གོ།