༣༥
ཨེ་ལི་ཧུས་སླར་ལན་བཏབ་ཅིང་སྨྲས་པ། ༢ འདི་ནི་ཁྱེད་ཐོབ་ཐང་ཡིན་སེམས་སམ། དཀོན་མཆོག་ལས་ཀྱང་ངའི་དྲང་བ་ཉིད་ཆེ། ཞེས་ཁྱེད་ཀྱིས་ཟེར་བ་དེ་ཁྲིག་ཡིན་ནམ། ༣ ཁྱེད་ལ་ཕན་ཅི་ཡོད་དང་ངས་སྡིག་པར། སྤྱོད་པ་བས་འཐེབ་ཁྱེ་ཅི་ཡོད་ཟེར་བས།༤ ཁྱེད་དང་ཁྱེད་ཀྱི་གྲོགས་པོ་རྣམས་ལ་ཡང་། ད་ངས་ཁྱེད་རྣམས་ལ་ལན་འདེབས་པར་བྱ། ༥ ནམ་མཁའ་རྣམས་ལ་བལྟས་ཏེ་མཐོང་བར་བྱོས། ཁྱེད་ལས་མཐོ་བའི་སྤྲིན་རྣམས་ལ་ལྟོས་ཤིག ༦ ཁྱེད་ཉེས་པ་བྱེད་ན་ཁོང་ལ་ཅི་གནོད། ཁྱེད་འགལ་སྐྱོན་མང་ན་ཁོང་ལ་ཅི་གནོད། ༧ ཁྱེད་ཚོས་དྲང་ན་དཀོན་མཆོག་ལ་ཅི་སྦྱིན། ཁོང་ལ་ཁྱེད་ཀྱི་ལག་པ་ནས་ཅི་རྙེད། ༨ ཁྱེད་སྤྱོད་ངན་གྱིས་ཁྱེད་འདྲའི་མིར་གནོད་སྲིད། མིའི་བུ་ལ་ཁྱེད་ཚོས་དྲང་བས་ཕན་སྲིད།
༩ དབང་ཆོས་མང་སྟབས་མི་རྣམས་ངུ་བར་བྱེད། དབང་ཅན་ལག་པའི་རྐྱེན་གྱིས་འོ་དོད་འབོད། ༡༠ མཚན་ལའང་གླུ་དབྱངས་གནང་མཛད་བདག་བཀོད་པའི། དཀོན་མཆོག་དེ་གར་བཞུགས་སུས་ཀྱང་མི་འདྲི། ༡༡ དེས་ངེད་ལ་སའི་དུད་འགྲོ་བས་འཐེབ་སློབ། གནམ་གྱི་བྱ་ལས་ངེད་རྣམས་མཁས་པར་མཛད། ༡༢ ངན་སྤྱོད་མི་ཡི་ང་རྒྱལ་དབང་གིས་ནི། དེ་ཚོས་འོ་དོད་གཏོང་ཡང་ལན་མི་གནང་། ༡༣ དཀོན་མཆོག་གིས་འཆོལ་གཏམ་མི་གསན་པར་ངེས། ཀུན་དབང་གིས་དེ་ལ་སྣང་དག་མི་མཛད། ༡༤ ཁོང་མི་མཇལ་ཡང་ཁོང་རང་གཤགས་ཡོད་ཅེས། ཁྱེད་ཀྱིས་ཟེར་བས་ད་ཁོང་ལ་བློ་ཐོད། ༡༥ ད་ཁོང་འཁྲོ་བཞིན་བཀའ་ཆད་མ་གནང་བར། ང་རྒྱལ་ལའང་ཆེར་མི་གཟིགས་ཁྱེད་ཀྱིས་ཟེར། ༡༦ དེའི་ཕྱིར་ཡོབ་ཀྱིས་དོན་མེད་ཁ་འབྱེད་ཅིང་། ཤེས་རབ་མེད་བཞིན་གཏམ་མང་ཙམ་ལབ་བོ༎