༣༤
ཨེ་ལི་ཧུས་ལྷག་པར་ལན་བཏབ་ནས་སྨྲས་པ། ༢ མཁྱེན་དཔྱོད་ལྡན་པ་ཁྱེད་རྣམས་བདག་ལ་གསན། ཤེས་རབ་མངའ་བ་ཁྱེད་རྣམས་སྙན་ཐུད་ཅིག ༣ རྐན་གྱིས་ཁ་ཟས་ཀྱི་བྲོ་བ་མྱོང་ལྟར། རྣ་བས་གཏམ་རྣམས་ཀྱི་ཤན་འབྱེད་པར་བྱེད། ༤ ངེད་ཀྱི་རིགས་པ་དེ་ནི་འཆང་བར་བྱ། བཟང་པོ་གང་ཡིན་ངེད་ཀྱིས་རྟོག་པར་བྱ། ༥ ཡོབ་ཀྱིས་བདག་ཆོས་དྲང་ཡང་དཀོན་མཆོག་གིས། བདག་གི་ཐོབ་ཐང་ཁྱེར་བར་མཛད་པས་ན། ༦ ངའི་ཐོབ་ཐང་ཕྱིར་དུའང་ད་དུང་རྫུན་སྨྲའམ། སྐྱོན་མེད་པར་སྲོག་ལེན་རྨ་ཁ་འཐོན་ཟེར།༧ ཆུ་ལྟར་སྐུར་ཀླན་བཏུང་བར་བྱེད་པ་ཡི། ཡོབ་ལྟ་བུ་ཡི་མི་ནི་གཞན་སུ་ཡོད། ༨ ངན་སྤྱོན་རྣམས་དང་སྡོངས་ཤིང་ཁོ་ནི་འགྲུལ། མི་ངན་མཉམ་དུ་ཁོ་ནི་འདོང་བར་བྱེད། ༩ མི་ནི་དཀོན་མཆོག་ལ་སེམས་དགའ་ན་ཡང་། ཅི་ཡང་མི་ཕན་ཁོ་ཡིས་སྨྲས་པ་ཡིན།
༡༠ དེའི་ཕྱིར་མཁྱེན་གོ་ཟབ་པ་ཁྱེད་རྣམས་གསན། དཀོན་མཆོག་གིས་ངན་མཛད་པའམ་ཀུན་དབང་གིས། མི་དགེ་མཛད་པར་ནམ་ཡང་མི་སྲིད་པས། ༡༡ མི་ཡི་ལས་བཞིན་ཁོང་གིས་འཇལ་བར་འགྱུར། མི་རེར་རང་གི་ལམ་བཞིན་རྙེད་དུ་འཇུག ༡༢ དཀོན་མཆོག་གིས་ངན་པ་མཛད་པའང་མི་བདེན། ཀུན་དབང་གིས་གཤགས་ལོག་མཛད་པའང་མི་བདེན། ༡༣ ས་གཞིའི་རྩིས་སྤྲོད་ཁོང་ལ་སུ་ཡིས་ཕུལ། འཇིག་རྟེན་ཐམས་ཅད་སུ་ཡིས་གཏན་ལ་ཕབ། ༡༤ ཇི་སྟེ་ཁོང་ཉིད་གཅིག་པུར་དགོངས་མཛད་ཅིང་། ཁོང་ཐུགས་ཉིད་དང་དབུགས་རང་ཕྱོགས་བསྡུ་ན། ༡༥ ཤ་ཐམས་ཅད་ལྷན་ཅིག་འཆི་བར་འགྱུར་ཏེ། མི་ནི་ཡང་སྐྱར་ཐལ་བར་འགྱུར་བར་འགྱུར།
༡༦ ད་ནི་བློ་གྲོས་ཡོད་ན་འདི་ལ་ཉོན། བདག་གི་གཏམ་གྱི་སྒྲ་ལ་ཉན་པར་འཚལ། ༡༧ དྲང་པོར་སྡང་བྱེད་ཀྱིས་རྒྱལ་སྲིད་སྐྱོང་ངམ། ཁྱོད་ཀྱིས་དབང་ལྡན་དྲང་པོར་སྐྱོན་འཛུག་གམ། ༡༨ རྒྱལ་པོ་ལ་ཁྱེད་ངན་པ་ལགས་ཟེར་ཞིང་། རྒྱལ་བུར་ཁྱེད་རྩོག་གོ་སྨྲ་བའི་རིགས་སམ། ༡༩ དེ་ལས་དཀོན་མཆོག་ཅི་ཙམ་ཆེ་མི་ཆེ། ཁོང་གིས་རྒྱས་སྲས་རྣམས་ཀྱི་ངོར་མི་གཟིགས། དབུལ་པོ་ལས་ཕྱུག་པར་ལྷག་པར་མི་རྩི། ཅི་ལ་དེ་ཀུན་ཁོང་གིས་ཕྱག་བཟོ་ཡིན། ༢༠ དེ་རྣམས་མཚན་གུང་ཡུད་ཅིག་ཙམ་ལ་འཆི། མི་རྣམས་སྤྲུག་པ་དང་དེ་དག་ཚེ་འདའ། དཔའ་བོ་རྣམས་ཀྱང་ལག་པ་མེད་པར་འཁྱེར། ༢༡ ཅི་ལ་མིའི་ལམ་རྣམས་ཁོང་སྤྱན་དྲུང་ཡོད། དེའི་འགྲུལ་ལུགས་རྣམས་ལའང་གཟིགས་པར་མཛད། ༢༢ སྡིག་སྤྱོད་མི་རྣམས་ཡིབ་ཅིང་སྡོད་ཐུབ་པའི། མུན་པ་ཡང་ན་འཆི་གྲིབ་གང་ཡང་མེད། ༢༣ དཀོན་མཆོག་སྤྱན་སྔར་གཤགས་ལ་སླེབ་པའི་ཕྱིར། མི་ནི་ལྷག་པར་ཁོང་ལ་དགོས་འགྱག་མེད། ༢༤ ཁོང་གིས་དཔའ་བོ་རྣམས་མ་བརྟགས་པར་གཏུབ། དེ་དག་ཚབ་ཏུ་གཞན་རྣམས་སློང་བར་མཛད། ༢༥ དེ་ལྟར་དེ་དག་གི་ལས་རྣམས་མཁྱེན་ཅིང་། མཚན་མོར་དེ་རྣམས་རྩ་རྩེ་ཟློག་ཅིང་འཐག ༢༦ དེ་རྣམས་སྡིག་སྤྱོད་མི་རྣམས་ཡིན་པ་ལྟར། གཞན་གྱི་མདུན་དུ་ཁོང་གིས་རྡབ་པར་མཛད། ༢༧ ཅི་ལ་དེ་རྣམས་ཁོང་ལ་རྒྱབ་བསྟན་ཏེ། ཁོང་གི་གཤེགས་ལམ་གང་ལའང་མ་བལྟས་སོ། ༢༨ ཁོང་དྲུང་དབུལ་པོའི་ངུ་སྐད་སླེབ་ཏུ་བཅུག སྡུག་བསྔལ་གདུངས་པའི་འོ་དོད་ཁོང་གིས་གསན། ༢༩ བདེ་བ་གནང་དུས་སུས་འཚང་འབྲུ་བར་ནུས། ཞལ་སྦ་དུས་སུས་ཁོང་ལ་ལྟ་བར་ནུས། དེ་ནང་མི་སྡེ་མི་རེང་ཁྱད་མེད་མཛད། ༣༠ ཆོས་མེད་མིས་སྲིད་མི་སྐྱོང་ཞིང་འབངས་རྣམས། སླུ་བར་མི་བྱེད་པའི་ཕྱིར་དེ་འདྲ་མཛད།
༣༡ ང་ལ་བཀའ་ཆད་ཕོག་ཕྱིས་འགོལ་མི་འགྱུར། དེ་ལྟར་དཀོན་མཆོག་ལ་མིས་ཞུས་ཡོད་དམ། ༣༢ ངས་མི་མཐོང་བ་བདག་ལ་སྟོན་པར་མཛོད། ངས་ཉེས་ཡོད་ན་ཕྱིན་ཆད་དེ་མི་བྱ།
༣༣ ཁྱེད་བློར་མཚུངས་པའི་འབྲས་བུ་གནང་དགོས་སམ། མི་དགའ་ཡང་ཁྱེད་འདོམས་ཤིག་ངས་མི་འདམ། དེའི་ཕྱིར་ཁྱེད་ཀྱིས་གང་ཤེས་པ་དེ་སྨྲོས། ༣༤ མཁས་པའི་སྐྱེ་བོས་བདག་ལ་ཉན་པར་འགྱུར། མཁྱེན་གོ་ཟབ་པས་འདི་ལྟར་སྨྲ་བར་འགྱུར། ༣༥ ཡོབ་ཀྱིས་ཤེས་རབ་མེད་བཞིན་གླེང་མོ་བྱས། ཁོ་ཡི་གཏམ་རྣམས་ཤེས་རབ་དང་བྲལ་ལོ། ༣༦ ཡོབ་ཀྱིས་སྡིག་སྤྱོད་མི་འདྲར་ལན་འདེབས་པས། མཐར་ཐུག་བར་དུ་ཁོ་སད་གྱུར་ཅིག ༣༧ ཁོས་རང་གི་སྡིག་པར་ངོ་ལོག་ཀྱང་སྣོན། ངེད་དཀྱིལ་ཁོས་ལག་བརྡབ་ཅིང་དཀོན་མཆོག་ཕྱོགས། ཁོ་ཡི་གཏམ་རྣམས་སྤེལ་བར་བྱེད་པས་སོ༎