༣༣
དེ་ནས་ཡོབ་ཀྱིས་བདག་གི་གླེང་མོར་གསན། བདག་གི་གཏམ་གླེང་ཐམས་ཅད་གསན་པར་མཛོད།  གཟིགས་ཤིག་ད་ནི་བདག་གི་ཁ་ཕྱེས་ཏེ། ངའི་ཁ་ནང་ན་ལྕེ་ཡིས་གཏམ་རོལ་ཞིང་།  སྙིང་གཟུ་བོའི་ངང་ནས་ངའི་ཚིག་འཐོན་ཞིང་། མཆུས་གང་བཤེས་པ་གསོང་པོར་བརྗོད་པར་བྱ།  དཀོན་མཆོག་གི་ཐུགས་ཉིད་ཀྱིས་བདག་བཀོད་དེ། ཀུན་དབང་ཞལ་དབུགས་ཀྱིས་བདག་ལ་སྲོག་གནང་།  ཇི་སྟེ་བདག་ལ་ལན་འདེབས་པར་ནུས་ན། ངའི་མདུན་གཏམ་རྣམས་རིམ་པར་འཇོལ་ལ་ཞེངས།  གཟིགས་ཁྱེད་འདོད་བཞིན་དཀོན་མཆོག་ཚབ་ང་ཡོད། བདག་ཀྱང་ཐལ་བའི་ནང་ནས་བཀོད་པ་ལགས།  གཟིགས་ངའི་རབ་ངད་ཀྱིས་ཁྱེད་འཚབས་མི་བྱ། ཁྱེད་ཐོག་ངའི་ལག་ཀྱང་ལྕི་བར་མི་འགྱུར།  བདག་གི་ཐོས་སར་ཁྱེད་ཀྱིས་སྨྲས་ངེས་ཏེ། སྨྲས་པའི་སྒྲ་ཡང་བདག་གིས་འདི་སྐད་ཐོས།  ང་ནི་སྐྱོན་མེད་གཙང་ཞིང་ནོངས་མེད་དང་། ངའི་ནང་མི་དགེ་བ་ཡང་མེད་དོ་དང་། ༡༠ ལྟོས་ཁོང་ངའི་དགྲར་བཞེངས་པའི་སྐབས་རྙེད་ཅིང་། ཁོང་གི་ཕ་རོལ་པར་བདག་རྩི་བར་མཛད། ༡༡ ང་ཡི་རྐང་པ་ཁོང་གིས་གདོས་ནང་འཇུག ངའི་ལམ་ཀུན་ནང་རྟགས་རྒྱབ་མཛད་དོ་ཟེར། ༡༢ ཀྱེ་ཧོ་བྱ་བ་འདི་ནང་ཁྱེད་མི་དྲང་། མི་ལས་དཀོན་མཆོག་ཆེ་ཞེས་ངས་ལན་འདེབས། ༡༣ ཅིའི་ཕྱིར་ཁྱེད་ཀྱིས་ཁོང་ལ་རྒོལ་བར་བྱེད། ཁོང་གིས་དངོས་པོའི་རྩིས་སྤྲོད་མི་གནང་ངོ་། ༡༤ རྒྱུ་ནི་དཀོན་མཆོག་གིས་ཚེར་གཅིག་གསུང་སྟེང་། མིས་མ་ཉན་ན་ལྡབ་ནས་ཀྱང་གསུང་མཛད།
༡༥ མལ་ཁྲིར་གཉིད་ལྕི་བ་མིར་འཐིབས་པའི་དུས། མཚན་མོའི་ཞལ་གཟིགས་རྨི་ལམ་གྱི་ནང་དུ། ༡༦ ཁོང་གིས་མི་ཡི་རྣ་བ་འབྱེད་མཛད་ཅིང་། མི་ཡི་དོན་དུ་ཞལ་གདམས་ཕྱག་རྒྱས་འདེབས། ༡༧ མིས་རང་གི་ལས་ལས་ཕྱིར་ཟློག་པ་དང་། མི་ལས་ང་རྒྱལ་འཆབ་པར་བྱེད་ཕྱིར་རོ། ༡༨ གཡང་ལ་མི་ལྟུང་སླད་དུ་ཁོའི་སེམས་དང་། རལ་གྲིས་སྲོག་མི་གཅད་ཕྱིར་སྐྱོབ་པར་མཛད། ༡༩ མལ་ཁྲིར་ཟུག་གཟེར་དང་རུས་པ་རྣམས་ནང་། དྲག་ཟུག་སྦྱིན་པའི་ངང་ནས་མི་ནི་འཇུན། ༢༠ དེ་ལྟར་ཁོ་ཡི་ཁམས་ཀྱི་ཁ་ཟས་དང་། སེམས་ཀྱིས་རོ་བརྒྱའི་ཟས་ལ་ཞེན་ལོག་གོ། ༢༡ ཤ་ནི་མ་ལུས་སྐམ་པས་མཐོང་རྒྱུ་མེད། མི་མཐོང་བའི་རུས་པ་རྣམས་རོང་རོང་ལང་། ༢༢ འོ་ན་ཁོ་ཡི་སེམས་དུར་ཁྲོད་ལ་བཅེར། སྲོག་ཀྱང་འཇིགས་བྱེད་རྣམས་ལ་བསུ་ཞིང་འགྲོ།
༢༣ ཇི་སྟེ་མི་རིགས་པ་སྟོན་དུ་སྟོང་ནང་། ཕོ་ཉའམ་དོན་འགྲེལ་བྱེད་མཁན་གཅིག་རང་ཡོད་ན། ༢༤ དེས་སྙིང་རྗེ་ཞིང་མིར་སྡིག་བཤགས་ཡོད་པས། ཁོ་གཡང་ལས་སྐྱོབས་ཤིག་ཅེས་ཞུ་བར་ནུས། ༢༥ དེ་ནས་བུ་ཆུང་བས་ཁོའི་ཤ་འཇམ་ཞིང་། རང་གི་ཁྱོག་ཐོང་དུས་སུ་ལོག་པར་འགྱུར། ༢༦ ཁོས་དཀོན་མཆོག་ལ་གསོལ་བས་གཟིགས་པ་རྙེད། དགྱེས་བཞིན་ཁོང་གི་ཞལ་གདོང་མཐོང་བར་འགྱུར། མི་ལ་ལས་དྲང་པོ་ཡི་རྔན་པ་རྙེད། ༢༧ དེས་མིའི་མདུན་གླུ་ལེན་ཞིང་འདི་སྐད་དུ། ངས་ཉེས་ཏེ་རིགས་པ་ལས་གོལ་ན་ཡང་། ཁོང་གིས་བདག་ལས་དེ་ཡི་ལན་མ་བཞེས། ༢༨ ངའི་སེམས་གཡང་སར་འགྲོ་བ་ལས་སྐྱབས་ཏེ། བདག་གི་ཚེ་ཡིས་འོད་མདངས་མཐོང་འོང་ཟེར།
༢༩ ཀྱེ་ཧོ་བྱ་བ་འདི་ཀུན་དཀོན་མཆོག་གིས། མིའི་དོན་ཐེངས་གཉིས་མ་ཟད་ཐེངས་གསུམ་མཛད། ༣༠ གཡང་ལས་དེ་ཡི་སེམས་ནི་འདོན་པ་དང་། སྲོག་གི་འོད་ཀྱིས་ཁོ་ལ་སྣང་ཕྱིར་རོ། ༣༡ ཀྱེ་ཡོབ་མ་གཡེངས་ང་ལ་ཉན་པར་ཞུ། ཁྱེད་ཞལ་རོག་བཞུགས་བདག་གིས་གླེང་བར་བྱ། ༣༢ ཁྱེད་ཀྱི་བྱང་སེམས་ངས་སྟོན་འདོད་པས་ན། གླེང་རྒྱུ་ཡོད་ན་བཀའ་ལན་སྩལ་ཞིང་གསུང་། ༣༣ དེ་མིན་ང་ལ་ཉན་ཅིང་ཞལ་རོག་བཞུགས། ཁྱེད་ལ་བདག་གིས་ཤེས་རབ་སྟོན་པར་བྱའོ༎