༣༢
དེ་ལྟར་མི་དེ་གསུམ་པོས་ཡོབ་ལ་ཞུ་ལན་འདེགས་པའི་འཕྲོ་བཅད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་སྣང་བར་རང་དྲང་པོ་ཡོད་པའི་ཕྱིར་རོ།  དེ་ནས་རཱམ་གྱི་ཕ་སྤད་ལ་གཏོགས་པའི་བུས་པ་བ་རག་ཨེལ་གྱི་བུ་ཨེ་ལི་ཧུ་ཁྲོས་ཤིང་། ཡོབ་ཀྱིས་དཀོན་མཆོག་ལས་ཀྱང་ལྷག་པར་རང་དྲང་བར་བྱས་པའི་རྐྱེན་གྱིས་དེ་ལ་ཁྲོས་པ་མ་ཟད།  དེའི་མཆེད་གྲོགས་གསུམ་པོ་ལའང་ཁྲོས་པར་གྱུར་ཏོ། གང་ལ་ཞེ་ན། དེ་དག་ལ་ལན་འདེབས་རྒྱུ་མེད་བཞིན་དུ་ཡོབ་ལ་སྙད་བཏགས་པའི་ཕྱིར་རོ།  ཨེ་ལི་ཧུ་བས་དེ་རྣམས་རྒན་པའི་སྟབས་ཀྱིས། ཡོབ་ཀྱི་གསུང་འཕྲོ་མ་ཟིན་པའི་བར་དུ་ཁོ་སྒུག་བསྡད་ནས།  མི་དེ་གསུམ་པོའི་ཁ་ནང་ན་ལན་འདེབས་རྒྱུ་གང་ཡང་མེད་པར་མཐོང་བའི་དུས་སུ། དེའི་ཁོང་ཁྲོ་འབར་ནས།
 བུས་པ་བ་རག་ཨེལ་གྱི་བུ་ཨེ་ལི་ཧུས་ལན་བཏབ་ཅིང་སྨྲས་པ།
བདག་ནི་གཞོན་ཞིང་ཁྱེད་ཅག་རབ་བགྲེས་པས། འཚབས་ཤིང་བདག་གིས་རང་བསམ་སྟོན་པ་སྤོབས།  ཉིན་ཞག་རྣམས་ཀྱིས་གསུང་ཞིང་ལོ་དཔུང་གིས། ཤེས་རབ་སྟོན་པའི་རིགས་སོ་བདག་གིས་སྨྲས།  འོན་ཀྱང་མི་ནང་སེམས་ཉིད་ཅིག་གདའ་སྟེ། ཀུན་དབང་གི་ཞལ་དབུགས་ཀྱིས་བློ་གྲོས་གནང་།  རྟག་ཏུ་ཆེན་པོ་རྣམས་ནི་མཁས་པའང་མིན། རྟག་ཏུ་བགྲེས་པས་གཤགས་ཀྱང་མི་རྟོགས་པས། ༡༠ བདག་ལ་གསན་པར་མཛོད་ཅིག་བདག་གིས་ཞུས། བདག་གི་བསམ་པ་རྣམས་ཀྱང་སྟོན་པར་བྱ། ༡༡ ཀྱེ་ཧོ་ཁྱེད་ཚོས་གསུང་བས་བདག་སྒུག་ཅིང་། བདག་གིས་ཁྱེད་ཚོའི་བརྩོད་པར་རྣ་བ་བླགས། ༡༢ མ་ཟད་ཁྱེད་ཀྱི་སྐུ་ལ་བདག་བཅར་ཏེ། ཀྱེ་ཧོ་ཁྱེད་ཅག་ནང་ཡོབ་ཁ་བཀག་ཅིང་། ཁོང་ལ་ལན་འདེབས་ནུས་པ་གཅིག་མ་བྱུང་། ༡༣ ངེད་ཀྱི་ཤེས་རབ་བརྟགས་སྨྲར་བྱ་ར་གྱིས། དཀོན་མཆོག་གིས་ཁོང་འཇོམས་ཤིང་མིས་མི་འཇོམས། ༡༤ དེས་ནི་ང་ལ་རྩོད་པའང་མ་བཙུགས་ཀྱིས། ཁྱོད་ལྟར་བདག་གིས་ལན་ཡང་འདེབས་མི་བྱ།
༡༥ དེ་རྣམས་ཧ་ལས་ཤིང་ཡང་ལན་མ་བཏབ། མི་དེ་རྣམས་ཀྱིས་སྨྲ་བའི་འཕྲོ་བཅད་དེ། ༡༦ བདག་འཐེན་བྱས་རུང་དེ་ཚོས་མི་སྨྲ་བར། ཁ་རོག་བསྡད་ཅིང་ལྷག་པར་ལན་མ་བཏབ། ༡༧ ངས་ཀྱང་རང་གི་རེས་ལ་ལན་འདེབས་བྱ། བདག་གིས་རང་གི་བསམ་པའང་བརྗོད་པར་བྱ། ༡༨ གང་ལ་ཞེ་ན་བདག་ནང་གཏམ་ཁེངས་ཏེ། ཁོག་པའི་སེམས་ཀྱིས་ང་ལ་ཨུ་ཚུགས་བྱེད། ༡༩ ལྟོས་ངའི་ལྟོ་བ་ཁ་བཅད་རྒུན་ཆང་འདྲར། རྒུན་ཆང་གསར་པ་འདྲ་བར་འགེས་པ་ཉེ། ༢༠ བདག་བློ་བདེ་ཕྱིར་བདག་གིས་གླེང་བར་བྱ། བདག་གི་ཁ་ལྤགས་ཕྱེས་ནས་ལན་ཞིག་གདབ། ༢༡ མིའི་ངོར་ལྟ་བ་བདག་ལ་མ་སྲིད་ཅིག ངོ་གསོའི་ལྕེ་བཀོལ་ཞིང་མི་ལ་མི་བསུ། ༢༢ ཅི་ལ་ངོ་སོའི་ལྕེ་ནི་ངས་མི་ཤེས། ཤེས་ན་ངའི་བཀོད་པོས་བདག་མྱུར་འཁྱེར་འོང་༎