༣༡
ངས་རང་གི་མིག་མཉམ་ཆད་བྱས་ཡོད་པས། བདག་གིས་ན་ཆུང་ལ་ནི་ཅི་ལྟར་ལྟ།  ཅིའི་ཕྱིར་ཞེ་ན་སྟེང་ལས་དཀོན་མཆོག་གིས། གནང་བའི་ཟ་སྐལ་ཡང་ན་མཐོ་རིས་ནས། ཀུན་དབང་གི་ནོར་སྐལ་ཅི་འདྲ་ཞིག་ཡོད།  སྡིག་སྤྱོད་རྣམས་ཀྱི་དོན་ཉོན་མོངས་མིན་ནམ། ཉེས་སྤྱོད་རྣམས་ཀྱི་ཕྱིར་བར་ཆད་མིན་ནམ།  བདག་གི་ལམ་རྣམས་ཁོང་གིས་མི་གཟིགས་སམ། བདག་གི་གོམ་པ་ཀུན་རྩི་མི་མཛད་དམ།
 ཇི་སྟེ་འཆོལ་སྤྱོད་ནང་དུ་བདག་ཆས་ཏེ། མགོ་སླུར་བདག་གི་རྐང་པ་རྒྱུག་ཡོད་ན།  དཀོན་མཆོག་གིས་ངའི་བློ་དྲང་རྟོགས་པའི་ཕྱིར། སྐྱོན་མེད་སྲང་ནང་བདག་རང་འཇལ་བར་ཤོག  ངེས་མེད་ལམ་ལས་ངའི་གོམ་པ་ཁྱོར་ཏེ། རང་མིག་ཕྱི་བཞིན་བདག་གི་སྙིང་བྲངས་ཏེ། བདག་གི་ལག་པར་རྨེ་བའི་སྒྲིབ་ཡོད་ན།  བདག་གིས་འདེབས་པ་གཞན་གྱིས་ཟ་བར་ཤོག བདག་ལ་བྱོར་པ་དྲུང་ནས་འབྱིན་པར་ཤོག
 བུད་མེད་རྐྱེན་གྱིས་ངའི་སྙིང་བསླུས་ཡོད་ན། ཁྱིམ་མཚེས་སྒོ་རྩར་བསྒུགས་ནས་བསྡད་ཡོད་ན། ༡༠ ངའི་ཆུང་མས་གཞན་གྱི་ཕྱེ་འཐག་པར་ཤོག མོ་ཡི་ཐོག་ཏུ་གཞན་རྣམས་དགུར་བར་ཤོག ༡༡ ཅིའི་ཕྱིར་དེ་ནི་སྐྱོན་གནག་ཅན་ཞིག་ཡིན། ཁྲིམས་དཔོན་ཚོས་ཁྲིམས་གཏོང་བའི་ཉེས་པ་ལགས། ༡༢ དེ་ནི་འཇོམས་ཤིང་སྲེག་པའི་མེ་ཡིན་པས། དེས་ནི་བདག་གི་ནོར་ཀུན་འཁྱེར་བར་འགྱུར།
༡༣ ངའི་གཡོག་པོ་གཡོག་མོས་བདག་ལ་འཁྲབ་དུས། དེའི་རྒྱུ་རྐྱེན་ལ་སྣང་མེད་བྱས་ཡོད་ན། ༡༤ དཀོན་མཆོག་བཞེངས་དུས་བདག་གིས་བྱ་ཅི་བྱ། ཁོང་གིས་གཟིགས་དུས་ངས་ལན་ཞུ་ཅི་ཞུ། ༡༥ བདག་མངལ་ནང་མཛད་པས་དེའང་མ་མཛད་དམ། མཛད་པོས་ངེད་གཉིས་མངལ་དུ་མ་བཀོད་དམ།
༡༦ དབུལ་བས་དོན་ཉེར་བ་ངས་བཀག་ཡོད་ན། ཡུག་ས་མོའི་མིག་ངས་ངུ་བཅུག་ཡོད་ན། ༡༧ ང་གཅིག་པུས་རང་གི་ཁམ་ཚད་ཟོས་ཏེ། དྭ་ཕྲུག་ལ་དེ་ལས་བཟར་གནང་མེད་ན། ༡༨ བདག་གིས་ཕ་ལྟར་བྱེད་ཅིང་གཞོན་དུས་ཚུན། དྭ་ཕྲུག་བདག་མཉམ་བསྐྱང་སྟེ་བདག་རང་གི། མའི་མངལ་ནང་ནས་ཀྱང་མོར་མགོ་སྐྱོང་བྱས། ༡༩ གང་ཞིག་གོས་མེད་པས་འཆི་བ་མཐོང་ན། ཡང་ན་དབུལ་པོར་གཡོག་རྒྱུ་མེད་པ་ན། ༢༠ རྐེད་པས་ང་ལ་ཤིས་པར་བརྗོད་མེད་ན། ཁོ་ངའི་ལུག་གི་བལ་གྱིས་བསྲོས་མེད་ན། ༢༡ རྟ་སྒོའི་ཚུགས་སར་ཕྱོགས་པ་ཡོད་མཐོང་སྟབས། དྭ་ཕྲུག་ཐོག་ངའི་ལག་པ་བཏེགས་ཡོད་ན། ༢༢ སོག་པ་ལས་ངའི་དཔུང་པ་འབུད་པར་ཤོག བདག་གི་ལག་ངར་རུས་པ་ཆག་པར་ཤོག ༢༣ དེའི་རྒྱུ་དཀོན་མཆོག་བཀའ་ཆད་ལ་བདག་འཇིགས། ཁོང་ཆེ་བའི་རྐྱེན་ངས་ཅང་བྱེད་མི་ནུས།
༢༤ ངས་གསེར་རང་གི་གཏད་སོ་བྱས་ཡོད་ན། གསེར་བཙོ་མར་ངའི་རེ་ས་ཟེར་ཡོད་ན། ༢༥ རང་ནོར་རྒྱ་ཆེ་སྟབས་དང་ངའི་ལག་ཏུ། མང་མང་བྱོར་སྟབས་དགའ་མགུ་བསྐྱེད་ཡོད་ན། ༢༦ ཤར་དུས་ངས་ཉི་མ་ལ་བལྟས་ཡོད་ན། ཡང་ན་ཟླ་བ་ལྷག་གེར་འབྱོན་པའི་ཚེ། ༢༧ ངའི་སྙིང་ཕག་ཏུ་བསླུས་པར་གྱུར་པ་དང་། ངའི་ཁས་ངའི་ལག་པར་འོ་བཏང་ཡོད་ན། ༢༨ འདི་དཀོན་མཆོག་མི་རྩི་བའི་སྐྱོན་ཆེ་བས། ཁྲིམས་དཔོན་ཁྲིམས་འཕོག་འོས་པའི་ཉེས་པ་ཡིན། ༢༩ དགྲ་བོ་འཕུང་བར་བདག་ནི་དགའ་གྱུར་ཏེ། རྐྱེན་ངན་དེ་ལ་བསུ་དུས་འཕར་ཡོད་ན། ༣༠ མ་ཟད་བདག་ཁོའི་སྲོག་ལ་དམོད་འདོད་ཅིང་། ཁས་ནི་ཉེས་སུ་བདག་གིས་དབང་མ་བསྐུར། ༣༡ ཁོང་གི་སྐྲུམ་ལས་ཟ་ཞིང་མི་ཆོག་པ། སུ་ཡོད་ངའི་གུར་གྱི་མིས་སྨྲས་མེད་ན། ༣༢ སྲང་ནང་མི་ཡན་བྲང་ས་མ་བྱས་ཀྱིས། བྱེས་པར་རང་སྒོ་བདག་གིས་ཕྱེས་པ་ཡིན། ༣༣ ཨམ་ཕྲག་ནང་ངས་ངའི་ཉེས་པ་འཆབ་ཅིང་། མིའི་ཁྲིམས་སུ་རང་སྐྱོན་ངས་སྦས་ཡོད་ན། ༣༤ ཡང་ན་མི་ཚོགས་ཆེན་པོར་བདག་འཇིགས་ཏེ། ཕ་མཚན་སོ་སོའི་ཁས་ང་འཚབས་བཅུག་པས། བདག་ཁ་རོག་ཅིང་སྒོའི་ཕྱིར་མ་ཐོན་ནམ། ༣༥ ཀྱེ་ཧུད་བདག་ལ་ཉན་མཁན་ཡོད་ན་ལེགས། ཀུན་དབང་གིས་ངའི་ལག་བྲིས་ལ་གཟིགས་ཤིང་། བཀའ་ལན་གནོང་ཞིག་བདག་གི་དགྲ་བོ་ཡིས། སྙད་ཀྱི་གཏམ་ཞིག་བྲིས་ན་ཅི་མ་རུང་། ༣༦ བདེན་པར་ངས་དེ་དཔུང་པའི་ཁར་ཐོགས་ཏེ། གཙུག་རྒྱན་བཞིན་དུ་བདག་གིས་འཁུར་བར་བྱ། ༣༧ རང་གི་གོམ་གྲངས་ཁོང་ལ་འཆད་པར་བྱ། རྒྱལ་སྲས་བཞིན་དུ་ཁོང་དྲུང་ཕྱིན་པར་བྱ། ༣༨ བདག་གི་ས་གཞིས་བདག་ལ་སྙད་འབྲུ་ཞིང་། ཞིང་གི་རོལ་རྣམས་ལྷན་ཅིག་ངུ་བ་ན། ༣༩ དངུལ་མ་བཅལ་བར་དེའི་ཐོག་ཟོས་པ་དང་། དེ་དག་བདག་པོའི་སྲོག་ངས་ཕྲལ་ཡོད་ན། ༤༠ དེ་ནས་གྲོའི་ཚབ་ལྗང་ཚེར་སྐྱེ་བར་ཤོག སེར་མོའི་ཚབ་ཏུ་རྩྭ་ངན་སྐྱེ་བར་ཤོག འདིར་ཡོབ་ཀྱི་གསུངས་རྣམས་རྫོགས་སོ༎