༢༨
བདེན་པར་གཏེར་ཁ་ནང་དངུལ་ཡོད་ལགས་ཏེ། མིས་ལྷད་འདོན་པའི་གསེར་གྱི་གནས་ཀྱང་ཡོད། ༢ ལྕགས་ནི་ས་ཡི་ནང་ནས་འདོན་པར་བྱེད། བཟངས་ཀྱང་རྡོ་ཡི་ནང་ནས་བཞུ་ཞིང་འདོན། ༣ མིས་ནི་མུན་པ་ཟིན་པའི་མཚམས་ཤིག་བྱེད། སྨག་རུམ་རྡོ་དང་འཆི་བའི་གྲིབ་ཀྱི་རྡོ། ས་མཚམས་ཕུགས་ཀྱི་བར་དུ་འཚོལ་བར་བྱེད། ༤ མི་ཡི་གནས་ལས་རྒྱང་རིང་བུག་པ་རྟོལ། དེ་སྟེང་འགྲུལ་བའི་རྐང་པས་བརྗེད་ནས་མེད། མཐིལ་དུ་དཔྱང་ཐག་འགྲོ་ཞིང་ལིང་སེ་ལིང་། ༥ ས་གཞི་ལས་ནི་ཁ་ཟས་འབྱུང་བར་བྱེད། དེའི་འོག་མེས་ཟློག་ཚུལ་རྩ་རྩེ་ཟློག ༦ དེའི་རྡོ་རྣམས་ཨིནྡྲ་ནཱི་ལའི་ཚང་ལགས། དེའི་ནང་ན་གསེར་གྱི་ཕྱེ་མའང་ཡོད། ༧ དེའི་ལམ་བྱ་རྒོད་གང་གིས་ཀྱང་མི་ཤེས། བྱ་ཁྲའི་མིག་གིས་ཀྱང་དེ་མཐོང་མ་མྱོང་། ༨ རློམ་སེམས་ཅན་གྱི་གཅན་གཟན་དེར་མ་བསླེབ། དེ་ནས་སེང་གེ་དྲག་པོའང་མ་འགྲུལ་ཏོ། ༩ སྲ་བའི་བྲག་སྟེང་དེ་ཡི་ལག་པ་འཇོག རི་རྣམས་རྩ་བ་ནས་རྩ་རྩེ་ཟློག་གོ། ༡༠ བྲག་རྣམས་གཅོད་ཅིང་རྒྱུ་ལམ་འདོན་པར་བྱེད། མིག་གིས་རིན་སྣ་ཚོགས་མཐོང་བར་བྱེད། ༡༡ མི་ཐིག་དོན་དུ་གཙང་པོ་རྣམས་ཀྱང་སྡོམ། སྦས་པའི་དངོས་པོ་རྣམས་འོད་ནང་འདོན་ནོ༎༡༢ འོན་ཀྱང་ཤེས་རབ་གང་ནས་རྙེད་པར་འགྱུར། བློ་གྲོས་ཀྱི་གནས་ས་དེ་ནི་གར་ཡོད། ༡༣ མིས་ནི་དེ་ཡི་རིན་ཡང་མི་ཤེས་ཏེ། གསོན་ཡུལ་ནང་ན་དེ་ནི་མི་རྙེད་དོ། ༡༤ གཏིང་ཟབ་པས་དེ་ནི་བདག་ནང་མེད་ཟེར། རྒྱ་མཚོས་ཀྱང་དེ་ནི་ང་མཉམ་མེད་ཟེར། ༡༥ དེ་ནི་གསེར་གྱིས་ཀྱང་བླུ་མི་ནུས་ཤིང་། ཉོ་བའི་དོན་དུ་སྲང་ལ་དངུལ་མི་འདེགས། ༡༦ ཨོ་ཕིར་གསེར་གྱིས་དེའི་རིན་གཅོད་མི་ནུས། རིན་ཆེན་མཆོང་ངམ་ནི་ལིམ་ལ་མི་ཐོབ། ༡༧ གསེར་དང་ཤེལ་གཉིས་དེའི་ཚད་དུ་མི་ཕྱིན། གསེར་བཙོ་མའི་རྒྱན་ཡང་དེ་ཡི་རིན་མིན། ༡༨ བྱུ་རུ་མུ་ཏིག་གི་མིང་འདོན་དགོས་མེད། དེ་ནི་ཅི་ཡི་ཕྱིར་དུ་ཞེས་པ་ན། པད་མ་རཱ་ག་བས་ཤེས་རབ་རིན་མཐོ། ༡༩ ཀུས་ཀྱི་ཕུག་རྫ་དེའི་ཚད་ལ་མི་ཕྱིན། གསེར་བཙོ་མས་ཀྱང་དེ་ཡི་གོང་མི་ཆོད། ༢༠ འོ་ན་ཤེས་རབ་འབྱུང་གནས་གང་ན་ཡོད། ཡང་ན་བློ་གྲོས་ཀྱི་གནས་དེ་གར་ཡོད། ༢༡ སྲོག་ལྡན་ཀུན་གྱི་མིག་ལས་དེ་སྦས་ཏེ། ནམ་མཁའི་འདབ་ཆགས་ལས་བཅབ་པས་མི་མཐོང་། ༢༢ འཇིག་པ་འཆི་བ་གཉིས་པོས་འདི་སྐད་དུ། ང་ཚོའི་རྣ་བས་དེའི་སྐད་ཆ་ཐོས་ཟེར།
༢༣ དེའི་ལམ་གྱི་ཆ་དཀོན་མཆོག་ལ་མངའ། དེ་ཡི་གནས་ཀྱང་ཁོང་གིས་མཁྱེན་གྱི་ཡོད། ༢༤ ས་མཐའ་རྣམས་ཀྱང་གཟིགས་ཤིང་གནམ་ཧྲིལ་པོའི། འོག་ན་ཡོད་པ་ཁོང་གིས་གཟིགས་ཕྱིར་རོ། ༢༥ རླུང་རྣམས་སྲང་ལ་འདེགས་པར་མཛད་པ་དང་། ཡང་ན་ཆུ་རྣམས་བྲེ་ཡིས་འཇལ་བའི་ཚེ། ༢༦ ཆར་པའི་ཆེད་དུ་བཀའ་འདོམས་མཛད་པའི་ཚེ། འབྲུག་གི་གློག་ཕྱིར་ལམ་ཞིག་མཛད་པའི་ཚེ། ༢༧ ཁོང་གིས་གཟིགས་ནས་འཆད་པར་མཛད་པ་ལ། དེ་ནི་བཤམས་ནས་བཙལ་ཏེ་བཙུགས་པར་མཛད། ༢༨ དེ་ནས་ཁོང་གིས་མི་ལ་ད་ལྟོས་ཤིག དཀོན་མཆོག་ལ་བག་བྱེད་པ་ཤེས་རབ་ལགས། ངན་པ་ལས་འབྲོས་བློ་གྲོས་ལགས་གསུངས༎