༢༧
ཡོབ་ཀྱིས་ལྷག་པར་རང་གི་དཔེར་བསྣན་ཏེ་སྨྲས་པ།  ངའི་ཐོབ་ཐང་བཞེས་པའི་གསོན་པོའི་དཀོན་མཆོག ངའི་སེམས་སྣད་མཛད་ཀུན་དབང་དཔང་དུ་འཛུག  ད་རུང་བདག་ནང་དབུགས་རྣམ་པར་རྒྱས་ཏེ། སྣ་ཁུང་ནང་དཀོན་མཆོག་གི་དབུགས་ཡོད་རིང་།  ངའི་མཆུས་ཚིག་ངན་གང་ཡང་སྨྲ་མི་བྱ། ངའི་ལྕེས་རྫུན་ཚིག་གླེང་བར་ཡང་མི་བྱ།  ངས་ཁྱོད་སྐྱོན་མེད་བྱེད་པ་མ་སྲིད་ཅིག གསོན་རིང་རང་གི་བློ་དྲང་སྐྱུར་མི་བྱ།  རང་གི་ཆོས་དྲང་འཛིན་ཞིང་སྤོང་མི་བྱ། གསོན་རིང་རང་སྙིང་གིས་ཁྲེལ་བར་མི་བྱ།  ངའི་དགྲ་སྡིག་སྤྱོད་དང་འདྲ་བར་གྱུར་ཅིག བདག་དགྲར་སྡང་མཁན་ཆོས་མེད་འདྲར་གྱུར་ཅིག  ཆོས་མེད་མིར་ནོར་འབྱོར་ཡང་དཀོན་མཆོག་གིས། སྲོག་ལེན་དུས་ཁོ་ལ་རེ་བ་ཅི་ཡོད།  དེ་ལ་སྡུག་བསྔལ་འབྱུང་བའི་དུས་སུ་ཁོ་ཡི། འོ་དོད་དཀོན་མཆོག་གིས་གསན་པར་འགྱུར་རམ། ༡༠ ཀུན་དབང་ནང་ན་ཁོ་ཡི་རང་འགྱུར་རམ། དཀོན་མཆོག་ལ་ཁོས་རྟག་ཏུ་འབོད་འགྱུར་རམ།
༡༡ ཁྱོད་ཚོར་དཀོན་མཆོག་ཕྱག་དོན་ངས་བསྟན་ཡོང་། ཀུན་དབང་ལ་རག་ལས་པ་སྦ་མི་བྱ། ༡༢ ཀྱེ་ཧོ་ཁྱོད་ཚོས་འདི་ཀུན་མཐོང་མོད་ཀྱིས། ཅིའི་ཕྱིར་ཁྱོད་ཅག་ཐམས་ཅད་དོན་དང་བྲལ། ༡༣ མི་ངན་སྐལ་བ་དཀོན་མཆོག་དྲུང་འདི་སྟེ། དབང་ཡོད་བྱེད་མཁན་རྣམས་ལ་ཀུན་དབང་ནས། ཐོབ་རྒྱུ་ཡོད་པའི་ནོར་སྐལ་འདི་ཀ་ལགས། ༡༤ བུ་ཕྲུག་འཕེལ་ཡང་རལ་གྲིའི་དོན་དུ་ཡིན། དེའི་བརྒྱུད་ཁ་ཟས་ཀྱིས་འགྲང་བར་མི་འགྱུར། ༡༥ དེ་ལས་ལུས་པ་འཆི་བས་བསྐུང་འགྱུར་ཀྱང་། ཁོའི་ཡུག་ས་མོ་རྣམས་ངུ་མི་ཡོང་། ༡༦ དེ་ཡིས་ས་བཞིན་དངུལ་སྤུང་བར་བྱེད་ཅིང་། རྫ་ས་ལྟར་དུ་གོས་རྣམས་སྤུང་བར་བྱེད། ༡༧ དེས་བཟོ་ཡང་མི་དྲང་པོས་གཡོག་པར་འགྱུར། ནོངས་མེད་རྣམས་ཀྱིས་དངུལ་དེ་བགོ་བཤའ་བྱ། ༡༨ ཐགས་སྦྲ་འབུ་བཞིན་རང་གི་ཁང་པ་རྩིག སོ་པས་བཟོས་པའི་སྤྱིལ་བུ་ལྟ་བུ་བཟོ། ༡༩ ཕྱུག་པོ་ཉལ་ཏེ་བདག་པོ་བྱེད་མཁན་མེད། ཁོས་མིག་ཧར་གདང་བ་དང་ཁོ་ནི་མེད། ༢༠ ཆུ་རྣམས་ཀྱི་ཚུལ་དུ་འཇིགས་པས་ཁོ་འཛིན། མཚན་མོར་རླུང་དམར་གྱིས་ཁོ་བརྐུས་ནས་འཁྱེར། ༢༡ ཤར་རླུང་གིས་ཁོ་འཁྱེར་བས་ཁོ་འབྲལ་འགྲོ། དེས་ཁོ་རང་གི་ས་ནས་འཕྱག་ཅིང་འཁྱེར། ༢༢ དཀོན་མཆོག་གིས་འཕངས་མེད་དུ་ཁོ་ལ་བརྒྱབ། ཁོང་གི་ཕྱག་ལས་འབྲོས་པར་རབ་ཏུ་དགའ། ༢༣ མི་རྣམས་ཀྱིས་དེ་ལ་ལག་བརྡབ་བྱེད་ཅིང་། དེའི་གནས་ས་ལས་ཤུགས་སྒྲས་བསྐྲད་པར་འགྱུར༎