༢༦
དེ་ནས་ཡོབ་ཀྱིས་ལན་བཏབ་ཅིང་སྨྲས་པ། ༢ སྟོབས་མེད་ལ་ཁྱོད་ཀྱིས་གྲོགས་ག་ཙུག་བྱས། ཤེད་མེད་པའི་ཕྲག་པ་ནི་ག་ཙུག་སྐྱབས། ༣ བློ་རྨོངས་པར་ཁྱོད་ཀྱིས་གྲོས་ག་ཙུག་བཏབ། ཤེས་རབ་ག་ཙུག་མང་མང་བཤད་པ་ཡིན། ༤ མི་གང་ལ་ཁྱོད་ཀྱིས་གཏམ་ལབ་པ་ཡིན། སུ་ཡི་དབུགས་ཁྱོད་ནང་ནས་བྱུང་བ་ཡིན།༥ ཆུ་རྣམས་དང་དེ་ནང་གནས་པ་རྣམས་ཀྱི། འོག་ཏུ་གནས་པའི་གཤིན་པོ་རྣམས་འདར་རོ། ༦ ཁོང་གི་དྲུང་དུ་གཤིན་ཡུལ་སྒྲེན་མོ་དང་། འཇིག་པའི་གནས་ནི་ཁེབས་དང་བྲལ་བ་ལགས། ༧ སྟོང་ཉིད་གནས་ཐོག་བྱང་ཕྱོགས་རྐྱོང་བར་མཛད། ཅང་མེད་ཐོག་ལས་ས་གཞི་འཕྱར་བར་གནང་། ༨ ཁོང་གིས་སྤྲིན་སྟུག་ནང་དུ་ཆུ་རྣམས་སྡོམ། དེ་རྣམས་མང་ཡང་སྤྲིན་ནི་མི་འགས་ཏེ། ༩ ཁོང་ཉིད་རྒྱལ་ཁྲིའི་གདོང་ལ་ཁེབས་མཛད་ཅིང་། དེ་ཐོག་ཁོང་གི་ཆུ་འཛིན་འདིང་བར་མཛད། ༡༠ འོད་དང་མུན་པ་གཉིས་པོའི་འཐའ་མ་རུ། ཆུ་རྣམས་ངོས་སུ་མཚམས་ཤིག་བཙུགས་པར་མཛད། ༡༡ ཁོང་གི་བཀའ་བཀྱོན་རྐྱེན་གྱིས་ནམ་མཁའ་ཡི། ཀ་བ་རྣམས་ཀྱང་འདར་ཞིང་བསམ་པ་འཁྱོར། ༡༢ ཁོང་ཉིད་མཐུ་ཡིས་རྒྱ་མཚོ་དཀྲུག་པར་མཛད། མཁྱེན་རབ་ངང་ནས་དེ་ཡི་འདུ་འཛི་༼མ་ཡིག་ཏུ་ར་ཧབ་༽འཇོམས། ༡༣ ཁོང་གི་ཐུགས་ཀྱིས་ནམ་མཁའ་རྣམས་བརྒྱན་ཏེ། ཁོང་ཉིད་ཕྱག་གིས་འཁྱུག་པའི་སྦྲུལ་ཕིགས་མཛད། ༡༤ ལྟོས་འདི་ཁོང་གི་གཤེགས་ལམ་གྱི་ཟུར་ཏེ། འོན་ངེད་ཀྱིས་ཁོང་ཤུབ་སྐད་ཉུང་ཙམ་ཚོར། ཁོང་གི་འབྲུག་སྒྲའི་དབང་ནི་སུས་རྟོགས་ནུས༎