༢༡
དེ་ནས་ཡོབ་ཀྱིས་ལན་བཏབ་ཅིང་སྨྲས་པ། ༢ བདག་གི་གཏམ་ལ་ཞིབ་ཏུ་གསོན་ཅིག་དང་། དེས་ཁྱེད་ཚོའི་སེམས་བདེ་བློ་བདེ་བར་ཤོག ༣ སྔོན་དུ་བདག་ལ་ཟེར་ལོང་གནོང་ཞིག་དང་། ངའི་གཏམ་རྫོགས་མཚམས་བདག་ལ་འཕྱ་བར་བྱོས། ༤ ངས་ནི་མིའི་མདུན་སྙད་འདོགས་པར་བྱེད་དམ། བྱེད་ན་ཅིའི་ཕྱིར་བདག་ནི་ཡི་མི་མུག ༥ བདག་ལ་ལྟོས་ལ་སེམས་འཁྱོར་བར་གྱུར་ཅིག རང་གི་ཁ་ལ་ལག་པ་ཡང་ཁོབ་ཅིག༦ ངས་ནི་དྲན་པའི་ཚེ་ན་ཉོན་མོངས་ཤིང་། བདག་གི་ཤ་ལ་འདར་ཡམ་གྱིས་འཆང་ངོ་། ༧ ཅི་ཕྱིར་སྡིག་སྤྱོད་གསོན་པོར་ལུས་ཤིང་རྒས། དེ་ཡི་སྟེང་ཁོ་ཡི་སྟོབས་རྒྱས་ཤིང་འཕེལ། ༨ དེ་དང་མཉམ་དུ་བུ་བརྒྱུད་མིག་དྲུང་གནས། དེ་ཡི་མིག་གི་མདུན་དུ་བརྟན་པོར་ལུས། ༩ དེ་ཡི་ཁྱིམ་ནི་འཇིགས་བྲལ་བདེ་བར་གནས། དེ་ཡི་ཐོག་དཀོན་མཆོག་གི་དབྱུག་པའང་མེད། ༡༠ དེ་ཡི་གླང་གིས་བརྒྱུད་སྤེལ་ཞིང་མི་ཆད། དེའི་བ་ལ་བེའུ་སྐྱེ་ཞིང་མངལ་མི་སྐྱུར། ༡༡ ཁྱུ་བཞིན་དེས་ནི་རང་ཕྲུག་ཕྱི་རོལ་འཁྲིད། དེ་ཡི་ཕྲུ་གུ་རྣམས་ཀྱིས་གར་རྩེད་དོ། ༡༢ རྔ་དང་པི་ཝང་ཐོགས་ནས་གླུ་ལེན་ཞིང་། གླིང་བུའི་སྒྲ་ལ་དེ་དག་དགའ་ཞིང་མགུ། ༡༣ ལོངས་སྤྱོད་ནང་དེ་དག་འཚོ་བར་བྱེད་ཅིང་། ཡུད་གཅིག་ནང་དེ་དག་དུར་ཁུང་དུ་འབབ། ༡༤ འོན་ཀྱང་དཀོན་མཆོག་ལ་ཕར་བཞུད་ཅིག་དང་། ཁྱེད་ཀྱི་ལམ་རྣམས་རྟོགས་མི་འདོད་སྨྲས་སོ། ༡༥ ངེད་ཀྱིས་རྟེན་རྒྱུར་ཀུན་དབང་དེ་སུ་ཡིན། དེ་ལ་གསོལ་བ་འདེབས་ཀྱང་ཕན་ཅི་འབྱུང་།
༡༦ ལྟོས་དེ་དག་གི་ལག་པར་བདེ་ལེགས་མེད། འོན་ཀྱང་བདག་ལས་སྡིག་སྤྱོད་ཇུས་རྒྱང་རིང་། ༡༧ སྤྱིར་སྡིག་སྤྱོད་ཀྱི་སྒྲོན་མེ་མི་གསོད་དམ། དེ་དག་ཐོག་ཏུ་ཉོན་མོངས་པ་འབབ་ཅིང་། དཀོན་མཆོག་ཐུགས་ཁྲོས་སྡུག་བསྔལ་བགོས་ནས་གནང་། ༡༨ དེ་རྣམས་རླུང་བདུན་གྱི་སོག་རོ་འདྲ་སྟེ། རླུང་དྲག་གིས་འཁྱེར་བའི་སོག་མ་དང་མཚུངས། ༡༩ དཀོན་མཆོག་གིས་རང་ཕྲུག་ཕྱིར་ཉོན་མོངས་སོག དེ་རང་ལ་ལན་ཐོབ་པས་དེས་རྟོགས་འགྱུར། ༢༠ དེ་རང་མིག་གིས་རང་སྟོངས་པ་མཐོང་ཞིང་། རང་གིས་ཀུན་དབང་གི་ཐུགས་ཁྲོ་འཐུང་ཞིག ༢༡ དེའི་ཟླ་གྲངས་མ་རྫོགས་པའི་གོང་འཆི་ན། དེས་རང་གི་ཁང་པར་དགའ་སྤྲོ་ཅི་མྱོང་། ༢༢ ཆེ་ཆེ་དག་གི་ཞལ་ཆེ་གཅོད་མཐོང་གིན། སུས་དཀོན་མཆོག་ལ་ཡེ་ཤེས་སྟོན་པར་བྱ། ༢༣ གཅིག་ནི་རང་གི་མཐུ་སྟོབས་འཚེང་འགྱུར་ཞིང་། རྣམ་པར་སེམས་བདེ་བློ་བདེའི་ནང་དུ་འཆི། ༢༤ ཁོ་ཡི་འོ་སྣོད་རྣམས་འོ་མས་གང་སྟེ། རུས་པ་རྣམས་རྐང་མར་གྱིས་ཚོས་ཡོད་དོ། ༢༥ གཞན་གཅིག་རང་སྲོག་ཁ་ཏིག་ནང་འཆི་ཞིང་། ཁ་ཟས་ཀྱང་དགའ་ཞིང་ནམ་ཡང་མི་ཟའོ། ༢༦ དེ་གཉིས་ལུགས་གཅིག་པར་ཐལ་ཁྲོད་ཉལ་ཞིང་། དེ་གཉིས་པོ་ནི་འབུ་ཡིས་ཁྱབ་ཀྱང་ཁྱབ།
༢༧ ལྟོས་ཁྱོད་ཚོས་བདག་དོན་ལོག་པར་དམིགས་པའི། བསམ་པ་དང་གྲོས་རྣམས་བདག་གིས་ཤེས་པས། ༢༨ ཁྱོད་ཚོས་ཡ་རབས་ཀྱི་ཁྱིམ་གར་ཡོད་ཟེར། སྡིག་སྤྱོད་གནས་པའི་གུར་ཁང་གར་ཡོད་ཟེར། ༢༩ ལམ་ལས་རྒྱུ་བར་ཁྱོད་ཚོས་མ་དྲིས་སམ། དེ་དག་གི་རྟགས་རྣམས་ལས་མི་རྟོགས་སམ། ༣༠ ཚར་གཅོད་ཉིན་པར་སྡིག་སྤྱོད་བསྲིས་ནས་འབོར། ཐུགས་ཁྲོའི་ཉིན་མོར་དེ་དག་འདོན་པར་འགྱུར། ༣༡ དེའི་ངོས་སུ་ཁོའི་ལམ་སུས་མངོན་པར་བྱ། སུས་དེས་བྱས་པའི་ལས་འབྲས་སྟེར་བར་འགྱུར། ༣༢ དེ་ནས་ཀྱང་དུར་ནང་དུ་བསྐྱེལ་བར་འགྱུར། རང་གི་དུར་ཁྲོད་སྲུང་ཞིང་སྡོད་པར་འགྱུར། ༣༣ ཁོས་ལུང་པའི་གོང་བུ་མངར་མོར་རིག་འགྱུར། དེའི་སྔོན་ལ་གྲངས་མེད་ཡོད་པ་བཞིན། དེ་ཡི་ཕྱི་བཞིན་མི་མང་འདྲེན་པར་འགྱུར།
༣༤ ཁྱོད་ཚོའི་ལན་ནང་སྐྱོན་མང་ཡོད་པས་ན། དོན་མེད་བདག་ལ་སེམས་གསོ་ཇི་ལྟར་སྟེར༎