༢༠
དེ་ནས་ན་ཨ་མད་པ་ཙོ་ཕར་གྱིས་ལན་བཏབ་ཅིང་སྨྲས་པ།  ངའི་ཁོག་ནང་བློ་མྱུར་བ་གདའ་བས་ན། ང་ཡི་བསམ་པས་ལན་ཞིག་འདེབས་སུ་འཇུག  བདག་ཁྲེལ་འཇུག་པའི་རྔན་ཆེན་ངས་ཐོས་པས། སྙིང་གི་ཤེས་རབ་ཀྱིས་ལན་འདེབས་སུ་འཇུག
 ས་སྟེང་མི་བཞག་པ་ནས་ཚུན་ཆད་དུ། ཁྱོད་ཀྱིས་འདི་ནི་སྔོན་ནས་མི་རྟོགས་སམ།  སྡིག་སྤྱོད་མིའི་དཔལ་ནི་དུས་རེ་ཞིག་དང་། ཆོས་མེད་མི་ཡི་ལོངས་སྤྱོད་ཡུད་ཙམ་སྟེ།  དེའི་དཔལ་ནམ་མཁའི་བར་དུ་ཕྱིན་ཏེ། ཁོ་ཡི་མགོ་བོ་སྤྲིན་ལ་སྙོབ་ན་ཡང་།  གཏན་ཕྱིར་དེ་རང་རྟུག་པ་ལྟར་འཇིག་སྟེ། ངོ་བཤེས་ཚོས་ཁོ་གར་ཡོད་འདྲི་བར་འགྱུར།  ཁོ་རྨི་ལམ་ལྟར་ཤོར་བས་རྙེད་མི་འགྱུར། མཚན་མོའི་མིག་འཕྲུལ་བཞིན་ཁོ་འདེད་པར་འགྱུར།  ཁོ་སྔར་མཐོང་བའི་མིག་གིས་མཐོང་མི་འགྱུར། ཕྱིན་ཆད་ཁྱིམ་གྱིས་ཁོ་ནི་མཐོང་མི་འགྱུར། ༡༠ དེའི་བུ་ཚོས་དབུལ་པོ་ལ་ངོ་གསོ་བྱ། དེའི་ལག་པས་ནོར་ཕྱིར་ལོག་སྤྲོད་པར་བྱ། ༡༡ རུས་པ་རྣམས་ལ་གཞོན་བཅུད་ཀྱིས་གང་ཡང་། དེ་རྣམས་ཁོ་མཉམ་ཐལ་ཁྲོད་ཉལ་བར་འགྱུར།
༡༢ ཁོ་ཡི་ཁས་ཉེས་སྡིག་མངར་མངར་ཚོར་ཡང་། ལྕེ་ཡི་འོག་ཏུ་དེ་ནི་སྦ་བ་དང་། ༡༣ དེ་ལ་འཕངས་ཤིང་འདོར་བར་མི་འདོད་པར། རང་གི་ཁ་ནང་སྦས་ནས་དེ་འཇོག་ཀྱང་། ༡༤ ཁ་ཟས་ལྟོ་བར་གཞན་དུ་འགྱུར་བར་འགྱུར། སྦྲུལ་གྱི་མཁྲིས་པ་ལ་དེའི་ཁོག་ནང་འགྱུར། ༡༥ ནོར་རྣམས་མིད་ན་ཡང་སླར་སྐྱུགས་ཤིང་འདོན། དཀོན་མཆོག་གིས་དེ་ཁོའི་གྲོད་པ་ནས་དབྱུང་། ༡༦ སྦྲུལ་གདུག་པ་ཅན་གྱི་དུག་ཁོས་འཇིབ་འོང་། ལྟོ་འགྲོ་ལྕེ་ཡིས་དེའི་སྲོག་གཅོད་པར་འགྱུར། ༡༧ གཙང་པོ་རྣམས་དང་སྦྲང་རྩིའི་ཆུ་ཀླུང་དང་། མར་གྱི་གྲོག་པོ་རྣམས་ཁོས་མཐོང་མི་འགྱུར། ༡༨ དེས་འབད་པ་རྣམས་རྙེད་ཀྱང་མིད་མི་འགྱུར། ནོར་ནི་མང་ཙམ་རྙེད་ཀྱང་དགའ་བ་མེད། ༡༩ ཅི་ལ་དབུལ་པོ་དབང་ཡོད་བྱས་ཏེ་བསྐྲད། དེས་མ་བརྩིགས་པའི་ཁང་པ་དབང་གིས་བླངས། ༢༠ དེས་ལྟོ་ནང་བདེ་བ་མི་ཚོར་བར་ངེས། ཆགས་པའི་ནང་ནས་ཅིའང་ལུས་པར་མི་འགྱུར། ༢༡ དེས་མ་མིད་མཁན་ཅིའང་མི་ལུས་པས་ན། དེ་ཡི་ལོངས་སྤྱོད་ལ་མཇུག་བརྟན་མི་འགྱུར། ༢༢ ཁོ་འཚེང་བའི་བསྒང་ལ་འུ་ཐུག་པར་འགྱུར། ཉོན་མོངས་ཅན་གྱི་ལག་ཀུན་དེའི་ཐོག་དབབ། ༢༣ རང་གི་གྲོད་པ་རྒྱང་འགྲོ་ཡོད་པའི་དུས། དཀོན་མཆོག་གིས་དེའི་ཁར་ཐུགས་ཁྲོ་འབེབས་ཤིང་། དེས་ཟ་མཚམས་བར་ཆད་ཀྱི་ཆར་འབེབས་འོང་། ༢༤ ལྕགས་ཀྱི་མཚོན་ཆ་ལས་ཁོ་འབྲོས་ན་ཡང་། ལྕགས་བཟང་མདའ་གཞུས་ཁོ་ནི་འབིགས་པར་འགྱུར། ༢༥ དེ་ནི་འདོན་པས་ལུས་ནས་འཐོན་པ་དང་། འོད་ཆགས་རལ་གྲི་མཆིན་པའི་ནང་ན་འཐོན། དངང་སྐྲག་རྣམས་ཀྱིས་ཁོ་ནི་འཇོམས་པར་འགྱུར། ༢༦ དེ་ཡི་གཏེར་དུ་མུན་པ་ཀུན་བཞག་ཡོད། མིས་མ་ཕུས་པའི་མེས་དེ་བསྲེག་པར་འགྱུར། གུར་གྱི་ནང་གི་ལྷག་མ་རྣམས་བསྲེག་འོང་། ༢༧ ནམ་མཁས་དེ་ཡི་ཉེས་པ་མངོན་པར་བྱ། དགྲ་རུ་ས་གཞི་ཡང་ལྡང་བར་འགྱུར་རོ། ༢༨ དེ་ཡི་ཁྱིམ་གྱི་དར་རྒྱས་མེད་པར་འགྱུར། ཐུགས་ཁྲོའི་ཉིན་མོར་རྒྱུ་ནོར་ཟད་པར་འགྱུར།
༢༩ སྡིག་སྤྱོད་ལ་དཀོན་མཆོག་གི་སྐལ་བ་དང་། དཀོན་མཆོག་གིས་གནང་བའི་ནོར་སྐལ་འདི་ཀའོ༎