༡༩
དེ་ནས་ཡོབ་ཀྱིས་ལན་བཏབ་ཅིང་སྨྲས་པ། ༢ ཁྱོད་ཚོས་ཅི་ཙམ་བདག་གི་སེམས་ལ་འཚེ། ཚིག་གི་སྒོ་ནས་ཕྱེ་མར་འཐག་པར་བྱ། ༣ ད་ལྟ་ཉིད་དུ་བདག་ལ་ལན་བཅུ་སྨད། བདག་མི་ཡན་ལྟར་བྱེད་པར་ངོ་མི་ཚ། ༤ བདག་རང་ནོར་བ་བདེན་པ་ཡིན་པས་ན། བདག་ཉིད་མཉམ་དུ་ངའི་ནོངས་ལུས་པར་འགྱུར། ༥ ཁྱོད་ཚོས་བདག་ཐོག་རང་རྣམས་ཆེར་སྤར་ཞིང་། བདག་ལ་རྩོད་ཅིང་སྨད་པར་བྱེད་དགོས་ན། ༦ དཀོན་མཆོག་གིས་བདག་དོར་བར་རྟོགས་ཤིག་དང་། ཁོང་གི་རྒྱ་ཡིས་བདག་ལ་མཐའ་སྐོར་བཏང་།༧ བདག་འཕྱུགས་པས་འོ་དོད་གཏོང་ཡང་མི་གསན། སྐད་དྲག་པོས་འབོད་ཀྱང་གཤགས་ནི་མི་འབྱུང་། ༨ འགྲོ་མི་ནུས་ཕྱིར་ངའི་ལམ་བཀག་པར་མཛད། བདག་གི་ལམ་དུ་སྨག་རུམ་བཞག་པར་མཛད། ༩ ཁོང་གིས་བདག་གི་དཔལ་ནི་བཤུས་ཁྱེར་ཏེ། བདག་གི་མགོ་ནས་ཅོད་པན་བསྣམས་པར་མཛད། ༡༠ ཕྱོགས་ཀུན་ནས་བདག་སྟོངས་བཅུག་པས་བདག་འདའ། བདག་གི་རེ་བ་རྩ་བ་ནས་བོགས་ཏེ། ༡༡ བདག་ཐོག་ཐུགས་འཁྲོ་བའི་མེ་སྤར་བར་མཛད། བདག་ནི་ཁོང་གི་དགྲའི་ཁོངས་རྩི་བར་མཛད། ༡༢ བདག་ཕྱོགས་ཁོང་གི་དཔུང་འདུས་ནས་ལམ་བཏོན། དམག་སྒར་གྱིས་བདག་གི་གུར་མཐའ་ནས་བསྐོར། ༡༣ བདག་གི་སྤུན་རྣམས་བདག་ནས་ཐག་རིང་མཛད། ངའི་ངོ་བཤེས་རྣམས་ཡོངས་སུ་གཞན་མིར་གྱུར། ༡༤ བདག་གི་གཉེན་བཤེས་རྣམས་བདག་ནས་བྲལ་ཏེ། འདྲིས་པའི་མཛའ་བོ་རྣམས་ཀྱིས་ཀྱང་བདག་བརྗེད། ༡༥ ནང་མི་བྲན་མོས་བདག་ནི་འཁྱམ་པོར་རྩི། དེ་དག་མཐོང་སྣང་དུ་བདག་མི་ཡན་ཏེ། ༡༦ ངས་རང་གི་གཡོག་པོ་ལ་སྐད་གཏང་རུང་། ཁོས་ནི་ང་ལ་ལན་ཅིའང་མི་འདེབས་སོ། ༡༧ རང་གི་ཆུང་མས་ངའི་དབུགས་ལ་ཞེན་ལོག མ་གཅིག་བུ་ཚོས་ངའི་བཅོལ་ཚིག་ལ་སྡང་། ༡༨ བྱིས་པ་རྣམས་ཀྱིས་ཀྱང་བདག་ཁྱད་དུ་སད། བདག་རྒྱབ་ལོག་པ་ཙམ་གྱིས་སྨད་པར་བརྩམས། ༡༩ སྙིང་གི་མཛའ་བོས་ཀྱང་བདག་ལ་ཁམས་ལོག ངས་བྱམས་པ་རྣམས་བདག་གི་དགྲ་རུ་ལྡང་། ༢༠ ངའི་ཤ་དང་པགས་པ་ངའི་རུས་པར་སྦྱར། སོའི་པགས་པ་ཙམ་བཅས་བདག་ཐར་བ་ཡིན།
༢༡ དཀོན་མཆོག་ཕྱག་གིས་བདག་ལ་རེག་མཛད་པས། མཛའ་བོ་རྣམས་བདག་ལ་སྙིང་རྗེ་སྙིང་རྗེ། ༢༢ ཁྱོད་དཀོན་མཆོག་ལྟར་ཅིའི་ཕྱིར་བདག་ལ་འཚེ། ངའི་ཤའི་ཟུག་གཟེར་ལ་ཁྱེད་རྣམས་མ་ཚིམ། ༢༣ ངའི་ཚིག་རྣམས་ད་ལྟ་འབྲི་ན་དགའ་འོ། གླེགས་བམ་ནང་དུ་བཀོད་ན་ཅི་མ་རུང་། ༢༤ གཏན་དུ་ལུས་པའི་ཕྱིར་ཕ་བོང་གི་ཁར། ལྕགས་སྨྱུག་དང་ཞ་ཉེས་བརྐོ་ན་ལེགས་སོ༎
༢༥ ངའི་སྒྲོལ་མཛད་གསོན་པོར་བཞུགས་པ་ཤེས། ཞག་མཐའ་མར་སའི་ཁར་ཁོང་བཞེང་བར་འགྱུར། ༢༦ ངའི་པགས་པ་འདི་ལྟར་འཇིག་འགྱུར་ན་ཡང་། བདག་ཤའི་ནང་ན་དཀོན་མཆོག་མཇལ་བར་འགྱུར། ༢༧ བདག་ཉིད་མིག་གིས་ཁོང་ནི་མཐོང་བར་འགྱུར། གཞན་མིན་རང་གི་མིག་གིས་ཁོང་ལྟ་རུ། ཁོག་ནང་བདག་གི་མཁལ་མ་བཞུས་ནས་སོང་།