༡༨
དེ་ནས་ཤུ་ཧི་པ་བིལ་དཱད་ཀྱིས་ལན་བཏབ་ཅིང་སྨྲས་པ།  ནམ་བར་ཁྱོད་ཚོས་ཚིག་གི་ཞགས་པ་འཛུག བསམ་བློ་སྐྱོངས་ཤིག་ཕྱིས་ངེད་ཚོས་ལབ་ཡོང་།  ང་ཚོ་བྱོལ་སོང་འདྲར་རྩིས་ཁྱོད་མིག་ལ། གྲིབ་ཅན་དུ་གྱུར་བ་དེ་ནི་ཅི་ཡིན།  ཁྱེད་རང་ཁོང་ཁྲོའི་ནང་ན་རང་ཉིད་ཧྲལ། ས་གཞི་ཁྱེད་དོན་མེད་པར་མཛད་འགྱུར་རམ། བྲག་རི་རང་གི་གནས་ཀྱང་འཕོ་འགྱུར་རམ།  འོ་ན་སྡིག་སྤྱོད་མི་ཡི་འོད་སད་དེ། དེའི་མེ་སྟག་ཀྱང་འབར་འཕྲོ་ཆད་པར་འགྱུར།  དེའི་གུར་གྱི་ནང་འོད་མུན་པར་འགྱུར། ཁོ་ཡི་འོད་ཀྱང་ཁོ་མཉམ་བསད་པར་འགྱུར།  ཁོ་ཡི་སྟོབས་ཀྱི་གོམ་སྟབས་འཁུམ་དུ་གཞུག རང་གི་ཇུས་ཀྱིས་ཁོ་རང་བརྡབ་པར་འགྱུར།  དེ་ལྟར་རང་གི་རྐང་པས་རྙི་ནང་འཚུད། རྙི་ཡི་ཐོག་ཏུ་དེ་རང་འགྲུལ་བས་ན།  གནོད་སྦྱིན་གྱིས་དེའི་རྟིང་པ་འཛིན་པར་འགྱུར། ཞགས་པ་ཞིག་གིས་ཁོ་ནི་འཁྱིག་པར་འགྱུར། ༡༠ ཁོའི་དོན་ས་ཐོག་རྒྱ་རྙི་བཏིང་ནས་འདུག དེའི་ཕྱིར་རྒྱ་ལམ་ནང་ལྟེམ་པ་བཙུག་ཡོད། ༡༡ ཕྱོགས་ཀུན་ལས་འཇིགས་པས་སྐྲག་པར་བྱ་ཞིང་། གར་རྐང་པ་རྒྱབ་ཀྱང་ཕྱི་བཞིན་བདའ་འོང་། ༡༢ ལྟོགས་པས་ཁོ་ཡི་སྟོབས་ནི་ཟད་པར་འགྱུར། ལམ་དུ་འགོར་ན་གེགས་ཀྱིས་འགེགས་པར་འགྱུར། ༡༣ དེས་དེའི་ལུས་ཀྱི་ཡན་ལག་ཟ་བར་འགྱུར། འཆི་བའི་སྔོན་སྐྱེས་ཀྱིས་དེའི་ཡན་ལག་མིད། ༡༤ བློ་གདེང་བྱེད་པའི་ཁྱིམ་ལས་བྲོས་པ་དང་། འཇིགས་བྱེད་རྒྱལ་པོའི་དྲུང་དུ་འདྲེན་པར་འགྱུར། ༡༥ དེ་ཡི་གུར་ནང་རང་གི་མིན་པ་གནས། དེ་ཡི་གནས་ཁང་ནང་མུ་ཟི་འགྲེམ་སྟེ། ༡༦ མཐིལ་ནས་དེ་ཡི་རྩ་བ་སྐེམ་པར་འགྱུར། སྟེང་ནས་དེ་ཡི་ཡལ་ག་གཅོད་པར་འགྱུར། ༡༧ དེ་ཡི་དྲན་རྟེན་ས་ལས་ནུབ་པ་དང་། ལམ་སྲང་ནང་དེའི་མིང་ཡང་ལུས་མི་འགྱུར། ༡༨ འོད་ལས་མུན་པའི་ནང་དུ་འདེད་འཁྱེར་འོང་། འཇིག་རྟེན་ནང་ནས་ཁོ་ནི་བསྐྲད་པར་འགྱུར། ༡༩ སྡེ་ནང་དེ་ལ་བུ་དང་ཚ་བོ་མེད། ཁྱིམ་ནང་མི་གང་ཡང་ལུས་པར་མི་འགྱུར། ༢༠ ཤར་ཕྱོགས་པ་རྣམས་ཁོ་ལ་འདྲོགས་པར་འགྱུར། ནུབ་ཕྱོགས་པ་རྣམས་ནི་ཧ་ལས་པར་འགྱུར། ༢༡ སྡིག་སྤྱོད་ཀྱི་ཁྱིམ་ནི་དེ་ལྟ་བུ་སྟེ། དཀོན་མཆོག་མི་ཤེས་པའི་གནས་འདི་ཁོ་ནའོ༎