༢༢
དེ་ནས་ཐེ་མན་པ་ཨེ་ལི་ཕཱ་ཡིས་ལན་བཏབ་ཅིང་སྨྲས་པ། ༢ མི་མཁས་པས་རང་ལ་ཕན་འདོགས་བྱེད་ལྟར། མིས་དཀོན་མཆོག་ལ་ཕན་འདོགས་བྱེད་ནུས་སམ། ༣ ཁྱོད་ཆོས་དྲང་ཕྱིར་ཀུན་དབང་མཉེས་འགྱུར་རམ། ཁྱོད་ནི་མཐར་ཕྱིན་པས་ཁོང་ལ་ཅི་ཕན། ༤ ཁྱོད་ཁོང་འཇིགས་པས་ཁྱོད་ལ་བཀྱོན་འགྱུར་རམ། ཁོང་ནི་ཁྱོད་མཉམ་ཁྲིམས་རར་འཐོན་འགྱུར་རམ། ༥ ཁྱོད་ཀྱི་ངན་སེམས་ཆེ་ཆེ་མ་འདུག་གམ། ཁྱོད་ཀྱི་ཉེས་པ་ལ་རྫོགས་དུས་ཡོད་དམ། ༦ དོན་མེད་སྤུན་ལས་གཏའ་མ་རྣམས་བླངས་ཏེ། ཁྱོད་ཀྱིས་གཅེར་བུ་ལས་གོས་བཤུས་པ་ཡིན། ༧ ངལ་དུབ་པ་ལ་འཐུང་ཕྱིར་ཆུ་མ་བྱིན། ལྟོགས་པ་ལ་ཁྱེད་ཀྱིས་ཁ་ཟས་མ་སྟེར། ༨ སྟོབས་ལྡན་མི་ཡིས་ས་གཞི་དབང་བར་བྱས། ངོམ་བརྗིད་ལྡན་པའི་མི་ནི་དེའི་ནང་བསྡད། ༩ ཁྱོད་ཀྱིས་མོ་རང་ལག་སྟོང་དུ་འགྲོར་བཅུག དྭ་ཕྲུག་གི་ལག་པ་ནི་བཅག་པ་ཡིན། ༡༠ དེའི་ཕྱིར་རྒྱ་མོས་ཁྱོད་རང་མཐའ་ནས་སྐོར། བློ་བུར་འཇིགས་པས་ཁྱོད་མནར་བར་བྱེད་དོ། ༡༡ ཁྱོད་ཀྱིས་ལྟ་བར་མི་ནུས་པའི་མུན་པ་དང་། སྣུབ་བྱེད་ཀྱི་ཆུ་རྣམས་ཀྱིས་ཁྱོད་གཡོག་གོ།༡༢ འཕགས་པའི་ནམ་མཁར་དཀོན་མཆོག་མི་མཆིས་སམ། སྐར་མ་རྣམས་ཀྱི་མཐོ་ཁྱད་ཇི་ལྟར་མཐོ། ༡༣ འོན་ཀྱང་ཁྱོད་ཀྱིས་དཀོན་མཆོག་གིས་ཅི་མཁྱེན། སྤྲིན་སྟུགས་ནང་ནས་གཤགས་འབྱེད་པར་ནུས་སམ། ༡༤ སྤྲིན་སྟུགས་ནི་དེས་མི་གཟིགས་པའི་ཡོལ་བའོ། ནམ་མཁའི་དཀྱིལ་འཁོར་ནང་ཁོང་འཁོར་རོ་ཟེར། ༡༥ སྡིག་སྤྱོད་མི་རྣམས་རྒྱུ་བར་བྱས་པ་ཡི། སྔ་མའི་ལམ་ལ་ཁྱོད་འགྲོ་བར་འདོད་དམ། ༡༦ དེ་དག་དུས་མ་ཡིན་པར་མ་བརྔས་སམ། ཆུ་རུད་ཀྱིས་དེ་ཡི་རྨང་མ་བཤལ་ལམ། ༡༧ མི་དེས་དཀོན་མཆོག་ལ་ཕར་ཕེབས་ཤིག་དང་། ཀུན་དབང་གིས་ཅི་བྱ་འོང་སྨྲས་པ་ཡིན། ༡༨ ཁོང་གིས་དེ་ཡི་ཁྱིམ་བཟང་ནོར་གྱིས་བཀང་། འོན་ཀྱང་སྡིག་སྤྱོད་གྲོས་བདག་ལས་རྒྱང་རིང་།
༡༩ ཆོས་དྲང་པོས་དེ་མཐོང་ནས་དགའ་མགུ་རང་། ནོངས་མེད་པས་དེ་ལ་དགོད་ཅིང་སྨྲས་པ། ༢༠ ངེད་དགྲར་ལངས་པ་བདེན་དག་པར་བཅད་དེ། དེ་དག་གི་ལྷག་མའང་མེས་བསྲེགས་སོ་ཟེར། ༢༡ ད་ཁོང་ངོ་རྟོགས་ལ་སེམས་ལྷོད་ཀྱིས་སྡོད། འདི་བཞིན་བྱེད་ན་ཁྱེད་བདེ་ལེགས་སུ་གནས། ༢༢ ཁོང་གི་ཞལ་གྱི་ཞལ་གདམས་བླང་བར་གྱིས། སྙིང་ནང་ཁོང་གི་བཀའ་མཆིད་འཇོག་པར་མཛོད། ༢༣ རང་གི་གུར་ལས་མི་རིགས་པ་སྐྲད་ཅིང་། ཀུན་དབང་ཕྱོགས་འཁོར་ན་ཁྱོད་འགོད་པར་འགྱུར། ༢༤ ཐལ་བའི་ནང་དུ་ཁྱོད་ཀྱི་གཏེར་རྣམས་བོར། ཨོ་ཕིར་གྱི་གསེར་གྲོག་པོའི་རྡོ་ཁྲོད་ཞོག ༢༥ ཀུན་དབང་ཁྱོད་ཀྱི་གསེར་དུ་འགྱུར་བར་འགྱུར། རིན་ཆེན་དངུལ་ནི་ཁྱོད་ལ་འབྱོར་བར་འགྱུར། ༢༦ དེ་ནས་ཀུན་དབང་ནང་ན་ཡི་རང་ཞིང་། དཀོན་མཆོག་ཕྱོགས་སུ་རང་གདོང་འདེགས་པར་འགྱུར། ༢༧ ཁྱོད་ཀྱིས་ཁོང་ལ་སྨོན་ལམ་གཏབ་པ་དང་། ཁོང་གིས་གསན་འོང་ཁྱེད་ཀྱིས་དམ་བཅའ་དབུལ། ༢༨ ཁྱོད་ཀྱིས་བསམ་པའི་དོན་རྣམས་སྒྲུབ་པར་འགྱུར། ཁྱོད་ཀྱི་ལམ་རྣམས་སུ་འོད་འཆར་འགྱུར། ༢༩ མིས་ཁྱོད་ཕབ་ན་བདག་བཏེགས་སོ་ཟེར་ཞིང་། མིག་རྩ་བབས་པའི་མི་ནི་སྐྱོབ་པར་འགྱུར། ༣༠ ནོངས་མེད་ཡིན་པ་ཡང་སྐྱོབ་པར་བྱེད་ཅིང་། ཁྱོད་ཀྱི་ལག་རྐྱེན་གྱིས་ཁོ་སྒྲོལ་བར་འགྱུར༎