༡༦
དེ་ནས་ཡོབ་ཀྱིས་ལན་བཏབ་ཅིང་གསུངས་པ། ༢ བདག་གིས་འདི་འདྲའི་གཏམ་མང་ཐོས་ཟིན་ཏེ། ཁྱོད་ཀུན་དོན་མེད་སེམས་གསོ་པ་རྣམས་ཏེ། ༣ འཆོལ་གཏམ་ལ་རྫོགས་དུས་ཡོད་དམ་ཡང་ན། ཁྱོད་ལམ་ཟློག་པའི་ཤེད་དེ་གང་ལས་འབྱུང་། ༤ ངས་ཀྱང་ཁྱོད་ཅག་ལྟ་བུར་གླེང་བར་ནུས། ངའི་སེམས་ཚབ་ཏུ་ཁྱོད་ཀྱི་སེམས་ཡོད་ན། ངས་ཀྱང་ཁྱོད་རྒོལ་བའི་གཏམ་སྤུང་བར་ནུས། ཁྱོད་ཅག་ཕྱོགས་སུ་མགོ་དབྱུག་གཏོང་བར་ནུས། ༥ ངའི་ཁས་ཁྱོད་ཚོར་སྟོབས་རྒྱས་སུ་བཅུག་ནས། ངའི་མཆུའི་སེམས་གསོས་སེམས་སྡུག་མེད་པར་བྱ། ༦ ངས་ཁ་ནས་ལབ་ཀྱང་མྱ་ངན་མི་ཞི། ངས་ངག་གཅད་ན་ངའི་བློ་བདེར་འགྱུར་རམ། ༧ འོན་ཀྱང་ཁོང་གིས་བདག་ཐང་ཆད་དུ་བཅུག ངའི་འཁོར་ཐམས་ཅད་ཁྱེད་ཀྱིས་ཚར་དུ་བཅད། ༨ བདག་གཉེར་མས་བཀང་མཛད་པས་ངའི་དཔང་བྱེད། ངའི་ཤ་རིད་ལྡང་ཞིང་ངའི་ངོར་དཔང་བྱེད། ༩ བདག་ལ་སྡང་བྱེད་ཁོང་ཐུགས་ཁྲོས་བདག་རལ། བདག་ཕྱོགས་ཁོང་གི་ཚེམས་གཙིག་པར་མཛད་དེ། ངའི་དགྲ་བོས་བདག་ལ་མིག་རྣོ་བར་བྱེད། ༡༠ དེ་ཚོས་བདག་ཕྱོགས་ཁ་ནི་བཀྲད་པར་བྱེད། རྔན་ཆེན་བྱེད་དེ་ངའི་འགྲམ་པར་བརྡེག་ཅིང་། དེ་རྣམས་ངའི་དགྲར་ལྷན་ཅིག་འཛོམ་པར་བྱས། ༡༡ བདག་ཆོས་མེད་ལག་པར་དཀོན་མཆོག་གི་བཏད། སྡིག་སྤྱོད་ལག་ནང་ཁོང་གིས་བདག་བཅུག་མཛད། ༡༢ བདག་བདེར་ཡོད་མཚམས་ཁོང་གིས་ཕྱེ་མར་ཐགས། ངའི་གཉར་བཟུང་སྟེ་ཕྱེ་མར་བཀྲལ་མཛད་དེ། ཁོང་གི་འབེན་དུ་བདག་ནི་བཙུག་པར་མཛད། ༡༣ ཁོང་གི་མདའ་མཁན་རྣམས་ཀྱིས་བདག་ལ་རུབ། འཕངས་མེད་ཁོང་གིས་ངའི་མཁལ་མ་གཉིས་ཧྲལ། བདག་གི་མཁྲིས་པ་སའི་ཐོག་འཕོ་བར་མཛད། ༡༤ བདག་ལ་སྟུད་མར་འབུག་ཅིང་རྟོལ་བར་མཛད། དཔའ་བོ་ལྟ་བུར་བདག་ཐོག་ཁོང་རྒྱུག་འབྱོན། ༡༥ ངས་རང་པགས་པའི་ཐོག་རེ་བའི་གོས་བཙེམ། རང་གི་རྭ་བ་ཐལ་བའི་ནང་དུ་བཞག ༡༦ བདག་ངུ་ངུ་བ་ལས་ངའི་གདོང་པ་སྦོས། ངའི་མིག་ལྤགས་ཁར་འཆི་བའི་གྲིབ་མ་འདུག ༡༧ འོན་ཀྱང་ངའི་ལག་པར་ཁྲིམས་ལོག་པ་མེད། བདག་གི་སྨོན་ལམ་རྣམ་དག་ཡོད་པར་ངེས།༡༨ ས་གཞི་ཁྱོད་ཀྱིས་ངའི་ཁྲག་མ་སྦས་ཤིག ངའི་འོ་དོད་ལ་གནས་མི་ཐོབ་པར་ཤོག ༡༩ ལྟོས་ད་དུང་ངའི་དཔང་པོ་ནམ་མཁར་མཆིས། མཐོ་རིས་ནང་ན་ང་ཡི་ཆ་དཔང་བཞུགས། ༢༠ བདག་ལ་རང་གི་མཛའ་བོ་ཚོས་འཕྱ་ཡང་། དཀོན་མཆོག་ཕྱོགས་ངས་མིག་ཆུ་བླུག་པར་བྱེད། ༢༡ མཛའ་བོ་ཡི་དོན་རྩོད་བཞིན་མི་གཅིག་གིས། མི་ཞིག་དོན་དཀོན་མཆོག་མཉམ་འཁྲབ་ན་ལོས། ༢༢ ལོ་འགའ་ཞིག་སོང་བ་ན་བདག་རང་ནི། ཕྱིར་མི་ལྡོག་པའི་ལམ་ནང་འཇུག་པར་འགྱུར༎