༡༥
དེ་ནས་ཐེ་མན་པ་ཨེ་ལི་ཕཱ་ཡིས་ལན་བཏབ་ཅིང་སྨྲས་པ། ༢ མི་མཁས་པས་དོན་མེད་རིག་པ་སྒྲོག་ཅིང་། ཤར་རླུང་གིས་གྲོད་པ་འགེངས་པའི་རིགས་སམ། ༣ དེས་དོན་མེད་ཀྱི་ཐ་སྙད་སྙད་པ་དང་། ཕན་མེད་པའི་གཏམ་གླེང་ལ་རྒོལ་རུང་ངམ། ༤ དེ་ཐོག་ཁྱོད་ཀྱི་བག་བྱེད་པ་འདོར་ཞིང་། དཀོན་མཆོག་དྲུང་དུ་གསོལ་བ་འདེབས་པ་བཤོལ། ༥ ཁྱོད་ཁས་རང་གི་མི་དགེ་བ་བརྗོད་ཅིང་། གཡོ་སྒྱུ་ཅན་གྱི་ལྕེ་ནི་ཁྱོད་ཀྱིས་འཛིན། ༦ ཁྱོད་ཁས་ཁྱོད་ནོངས་པ་སྟོན་ངས་མི་སྟོན། ཁྱོད་རང་མཆུ་ཡིས་ཁྱོད་ལ་དཔང་པོ་བྱེད།༧ མི་ལས་ཐོག་མར་ཁྱོད་རང་སྐྱེས་གྱུར་ཏམ། ཡང་ན་རི་ལས་སྔོན་དུ་ཁྱོད་བཀོད་དམ། ༨ ཁྱོད་ཀྱིས་དཀོན་མཆོག་གི་གསང་ཚིག་ཐོས་ཏེ། ཁྱོད་དྲུང་ཡེ་ཤེས་འགུགས་པར་བྱས་ལགས་སམ། ༩ ང་ཚོས་མི་ཤེས་པ་ཞིག་ཁྱོད་ཅི་ཤེས། ངེད་ནང་མེད་པའི་བློ་གྲོས་ཁྱོད་ཅི་མངའ། ༡༠ ཁྱོད་ཀྱི་ཕ་ལས་མང་དུ་བགྲེས་གྱུར་བའི། མགོ་དཀར་བགྲེས་པོ་རྣམས་ནི་ང་མཉམ་ཡོད། ༡༡ ཁྱོད་ལ་དཀོན་མཆོག་གི་སེམས་གསོ་རྣམས་དང་། གསུང་སྙན་པོས་གསུང་བ་རབ་ཏུ་ཉུང་ངམ། ༡༢ ཁྱོད་སྙིང་གིས་ཁྱོད་རང་ཅི་ལ་འདེད་འཁྱེར། ཁྱོད་ཀྱི་མིག་གིས་ཅི་ལ་མིག་བརྡ་བྱེད། ༡༣ ཅིའི་ཕྱིར་ཁྱོད་སེམས་ཀྱིས་དཀོག་མཆོག་ལ་རྒོལ། ཁྱོད་ཀྱི་ཁ་ལས་དེ་འདྲའི་ཚིག་འདོན་ནོ། ༡༤ གཙང་མ་ཐོན་ཐུབ་པའི་མི་དེ་སུ་ཡིན། བུད་མེད་ལ་བཙས་པ་ཆོས་དྲང་འཐོན་ནམ། ༡༥ ལྟོས་ཁོང་གིས་མི་དམ་པར་ཡིད་མི་ཆེས། མ་ཟད་ཁོང་གཟིགས་ངོར་ནམ་མཁའང་མི་གཙང་། ༡༦ ཆུ་བཞིན་ངན་པ་འཐུང་བའི་སྐྱུག་བྲོ་བའི། མི་ཁོང་དྲུང་ཅི་ཙམ་མི་གཙང་བར་ངེས། ༡༧ ངས་འཆད་པར་བྱ་བས་ཁྱོད་བདག་ལ་ཉོན། ངས་གང་མཐོང་བ་དེ་ནི་འཆད་པར་བྱ། ༡༨ ཕ་མེས་རྣམས་ལས་མི་མཁས་པས་ཐོས་ནས། མ་གསང་བར་གསུངས་པ་དེ་བསྙད་པར་བྱ། ༡༩ དེ་དག་འབའ་ཞིག་ལ་ཡུལ་གནང་བར་མཛད། དེ་དག་ཁྲོད་དུ་མི་འཁྱམ་སུ་ཡང་མེད།
༢༠ སྡིག་སྤྱོད་མི་ཡི་ཚེ་སྡུག་བསྔལ་གྱིས་གདུང་། དབང་ཆོས་བྱེད་མཁན་ལ་དེའི་ཚེ་ཚད་ཟུག ༢༡ ཁོའི་རྣ་བར་འཇིགས་སུ་རུང་བའི་སྒྲ་སྒྲོག བདེ་ལེགས་དུས་སུ་དེའི་ཐོག་འཇོམས་བྱེད་འོང་། ༢༢ མུན་པ་ལས་ཐར་བ་ཁོས་ཡིད་མི་ཆེས། ཁོ་ནི་རལ་གྲིའི་ཕྱིར་དུ་སྒུག་ཅིང་སྡོད། ༢༣ བག་ལེབ་དོན་འཁོར་ཟས་གར་ཡོད་ཟེར་ཏེ། རང་ལག་ཐོག་མུན་པའི་ཞག་བསླེབ་པར་ཤེས། ༢༤ འཐབ་ཆོག་པའི་རྒྱལ་པོ་འདྲར་སྡུག་བསྔལ་དང་། བར་ཆད་ཀྱིས་དེའི་ཚེ་དཀྲོག་ཅིང་འཕམ་འཇུག ༢༥ དེས་དཀོན་མཆོག་ཐད་དུ་ལག་པ་བརྐྱང་སྟེ། ཀུན་དབང་ལ་ཡང་ཤེད་འགྲན་བྱེད་ཕྱིར་རོ། ༢༦ ཁོའི་ཕུབ་རྣམས་ཀྱི་མེ་ཏོག་གཞུང་དཀྱིལ་དུ། མཇིང་པ་བསླངས་ནས་དེའི་ཐད་བང་རྒྱུག་གོ། ༢༧ ཁོས་རང་གདོང་ཚིལ་གྱིས་གཡོག་པར་བྱས་ཏེ། ཚིལ་གྱིས་རྐེད་པར་ལྦ་བ་ཆགས་འཇུག་ཅིང་། ༢༨ ས་ཡི་ཕུང་པོ་འགྱུར་ཆོག་ཆོག་ཡོད་པའི། སྟོང་པའི་གྲོང་ཁྱེར་དག་དང་མི་མེད་པའི། ཁང་པ་རྣམས་ན་ཁོ་ནི་གནས་པར་བྱེད། ༢༩ ཁོ་ཕྱུག་པོར་མི་འགྱུར་ནོར་ཡང་མི་ལུས། ཁོའི་སྙེ་མ་ས་ཕྱོགས་སུ་འགུག་མི་འགྱུར། ༣༠ སྨག་རུམ་ལས་ཁོ་འབྲལ་བར་མི་འགྱུར་ཞིང་། དེ་ཡི་ཡལ་ག་མེ་ལྕེས་སྐམ་པོར་བྱ། ཁོང་གི་ཞལ་དབུགས་ཀྱིས་ཁོ་འདའ་བར་འགྱུར།
༣༡ དེ་ཡི་འབྲས་བུར་སྟོང་པ་འབྱུང་བས་ན། རང་མགོ་སླུ་བའི་སྟོང་ཉིད་ལ་མ་རྟེན། ༣༢ ཚེའི་དུས་མ་གང་སྔོན་དུ་གཅོད་པར་འགྱུར། ཡལ་ག་རྣམས་སྔོན་པོར་ལུས་པར་མི་འགྱུར། ༣༣ རྒུན་ཤིང་ལྟར་མ་སྨིན་པ་རྣམས་བྲུལ་ཞིང་། ཁ་སྐྱུར་ལྟར་རང་གི་མེ་ཏོག་དབྱུག་ཡོང་། ༣༤ ཁ་ཆོས་པ་ཡི་མི་ཚོགས་རབས་ཆད་ཅིང་། ཕག་སུག་ཟ་བའི་གུར་རྣམས་མེས་བསྲེག་འོང་། ༣༥ ཟོལ་ཟོག་མངལ་དུ་ཆགས་ཤིང་ངན་པ་བཙའ། དེ་དག་གི་ལྟོ་ནང་གཡོ་སྒྱུ་རྩོམ་མོ༎