༡༤
བུད་མེད་ལ་བཙས་པར་གྱུར་པའི་མིའི་ཚེ། ཐུང་ཞིང་སྡུག་བསྔལ་གྱིས་གང་བ་ལགས་ཏེ།  མེ་ཏོག་ལྟ་བུར་སྐྱེ་ཞིང་གཅོད་པར་བྱེད། གྲིབ་མ་བཞིན་དུ་འབྲོས་ཤིང་མི་ལུས་སོ།  དེ་ལྟ་བུ་ལ་སྤྱན་ཆེར་ཆེར་གཟིགས་སམ། ཁྱེད་དྲུང་ཁྲིམས་རར་བདག་འདོན་པར་མཛད་དམ།  མི་གཙང་དངོས་པོའི་ནང་ནས་གཙང་བ་ཞིག སུས་འདོན་པར་ནུས་ཞེ་ན་གཅིག་ཀྱང་མེད།  དེའི་ཞག་བགྲངས་ཏེ་ཁྱེད་དྲུང་ཟླ་གྲངས་ཡོད། མི་འཐལ་ཕྱིར་ཚེ་ཚད་མཛད་པར་ངེས་སོ།  གླ་པའི་ཉིན་མཚུངས་ཁོའི་ཞག་རྫོགས་རིང་བར། ཁོ་ངལ་གསོ་རྒྱུར་དེ་ལ་གཟིགས་མ་གཟིགས།
 གང་ལ་ཞེ་ན་སྐྱེ་ཤིང་གཅོད་པ་ནི། ཕྱིས་སུ་ཤིང་གསར་འཁྲུངས་བའི་རེ་བ་ཡོད། དེ་ཡི་ལྕུག་གསར་གྱི་བར་འཆད་མི་འགྱུར།  ས་ནང་རྩ་བ་རྙིང་པར་གྱུར་ན་ཡང་། དེ་ཡི་སྡོང་པོ་ས་ནང་ཤི་ན་ཡང་།  ཆུ་ཡི་གཤེར་གྱིས་ལྕུག་གསར་སྐྱེ་འགྱུར་ཞིང་། ཚུགས་ལྕང་ལྟ་བུ་ཡལ་ག་འཐོན་འགྱུར་གྱིས། ༡༠ མི་ནི་འཆི་ཞིང་ཐལ་བར་གྱུར་བ་དང་། མི་ཡི་རྣམ་ཤེས་འཐོན་དུས་ཁོ་གར་ཡོད། ༡༡ མཚོ་ཡི་ཆུ་རྣམས་འབྲི་བར་འགྱུར་བ་དང་། གཙང་པོ་སྐམ་ཞིང་ཟད་པ་དང་མཚུངས་པར། ༡༢ མི་ནི་སར་ཉལ་བ་དང་མི་ལྡང་ངོ་། ནམ་མཁའ་རྣམས་མེད་པར་འགྱུར་བའི་བར་དུ། མི་རྣམས་རང་གི་གཉིད་ལས་ལྡང་མི་འགྱུར།
༡༣ བདག་ལ་དུས་བབས་དགོངས་ནས་ཐུགས་དྲན་ཕྱིར། ཐུགས་ཁྲོ་ཞི་རིང་བདག་སྦ་བར་མཛད་ཅིང་། བདག་གཤིན་ཡུལ་ནང་སྦ་ན་ཅི་མ་རུང་། ༡༤ ཤི་ཟིན་པའི་མི་ཡང་གསོན་པོར་འགྱུར་རམ། བདག་གི་སྐྱབས་མ་འབྱུང་བའི་བར་དུ་བདག རེ་ཞིང་ཚེའི་དུས་ཀུན་ནང་སྒུག་གིན་སྡོད། ༡༥ ཁྱེད་ཀྱིས་འབོད་ན་ངས་ཞུ་ལན་དབུལ་ལོ། ཁྱེད་ཀྱི་ཕྱག་གི་ཕྲིན་ལས་ལ་མཉེས་པར་འགྱུར། ༡༦ ད་ཁྱེད་ཀྱིས་ངའི་གོམ་པ་རྩི་བས་ན། བདག་གི་སྡིག་པ་ཁྱེད་ཀྱིས་མི་གཟིགས་སམ། ༡༧ བདག་གི་འགལ་སྐྱོན་ཕད་ནང་ཐེ་སྦྱར་གདའ། བདག་གི་མི་དགེ་བ་རྣམས་བསྡམས་ནས་འཇོག
༡༨ འོན་ཀྱང་རི་བོ་ལོག་ནས་མེད་པར་འགྱུར། བྲག་རི་རང་གི་གནས་ལས་འཕོ་བར་ངེས། ༡༩ ཆུས་རྡོ་རྣམས་ཟད་འཇུག་ཅིང་ཆུ་ལོག་གིས། སའི་ཐལ་བར་སྐྱེས་པ་ཀུན་འཁྱེར་བ་ལྟར། ཁྱེད་ཀྱིས་མི་ཡི་རེ་བ་ཚར་དུ་གཅོད། ༢༠ ཁྱེད་ཀྱིས་རྒྱུན་དུ་ནོན་པས་ཁོ་ནི་རྒུད། དེའི་གདོང་བསྒྱུར་མཛད་ནས་ཕར་དུ་སྤྱུགས་པས། ༢༡ དེའི་བུས་ཞེ་ས་རྙེད་ཀྱང་ཁོས་མི་རྟོགས། དེ་དག་ལྟུང་བར་འགྱུར་ཡང་དེས་མི་མཐོང་། ༢༢ འོན་ཀྱང་ཁོ་ཡི་ཤའི་ནང་དུ་གཟུག་དང་། ཁོག་ནང་སྲོག་གི་མྱ་ངན་བྱེད་པར་འགྱུར༎