༡༣
ཀྱེ་ཧོ་ངའི་མིག་གིས་འདི་ཐམས་ཅད་མཐོང་། དེ་ངའི་རྣ་བས་ཐོས་ནས་ཁོང་དུ་ཆད།  ཁྱོད་ཀྱི་ཅི་ཤེས་པ་རྣམས་ངས་ཀྱང་ཤེས། ཁྱོད་ཅག་ལས་བདག་དམན་པ་མ་ཡིན་ཏེ།
 བདག་ཀུན་དབང་དང་ཞུ་གླེང་བྱེད་པར་དགའ། དཀོན་མཆོག་མཉམ་བདག་བགྲོ་གླེང་ཞུ་བར་བྱ།  ཁྱོད་ཅག་བརྫུན་ཚིག་བརྩོམ་མཁན་ཡིན་པ་དང་། ཁྱོད་ཅག་སྨན་པ་ཅང་མི་ཤེས་དང་འདྲ།  ཨེ་མ་ཁྱོད་ཅག་ཁ་རོག་སྡོད་ན་དགའ། དེ་ནི་ཁྱོད་ཀྱི་ཡོན་ཏན་འགྱུར་བ་ཡོད།  ད་ལྟ་བདག་གི་རྒྱུ་རྐྱེན་ལ་ཉོན་དང་། བདག་གི་མཆུ་ཡི་བཤད་པ་རྣམས་ལ་ཉོན།  དཀོན་མཆོག་དོན་དུ་བརྫུན་རྣམས་སྨྲའམ། ཁོང་གི་ཆེད་དུ་གཡོ་སྒྱུ་གླེང་བྱའམ།  ཁྱོད་དཀོན་མཆོག་གི་ཕྱོགས་བྱེད་པར་འདོད་དམ། དཀོན་མཆོག་དོན་དུ་ཁྱོད་ཚོས་འཛིང་འདོད་དམ།  ཁྱོད་ཚོའི་ཉམས་སད་མཛད་ན་ཅི་མི་ལེགས། མིས་མི་སླུ་འདྲར་ཁོང་ཡང་སླུ་བྱའམ། ༡༠ ཇི་སྟེ་གསང་བར་ཁྱོད་ཚོས་ཕྱོགས་བྱེད་ན། ཁྱོད་ཚོར་ཁོང་གི་བཀའ་བཀྱོན་གནང་ཤག་སྟེ། ༡༡ ཁོང་གི་ཆེ་བས་ཁྱོད་ཅག་སྐྲག་མི་བྱའམ། ཁྱོད་ཚོར་ཁོང་གི་འཇིགས་པ་མི་འབབ་བམ། ༡༢ ཁྱོད་ཚོའི་ལེགས་བཤད་རྣམས་ནི་གོག་ཐལ་སྟེ། ཁྱོད་ཚོའི་རྒྱབ་རྟེན་ཐལ་བའི་རྒྱབ་རྟེན་ཏེ།
༡༣ ངས་སྨྲ་རྒྱུར་ཁ་རོག་བདག་ཙོ་གེར་ཞོག དེ་ནས་བདག་ཐོག་ཅི་ཞིག་འབྱུང་ནའང་བྱུང་། ༡༤ ངས་ཅི་ལ་རང་སོས་རང་ཤ་འཆའ་ཞིང་། རང་ལག་མཐིལ་ཁར་རང་སྲོག་འཇོག་པར་དགོས། ༡༥ ཁོང་གིས་བདག་གསོད་ཀྱང་ཁོང་ལ་བློ་གཏད། འོན་ཀྱང་ཁོང་དྲུང་རང་ལམ་བརྟན་པོར་བཟོས། ༡༦ ཁོང་དྲུང་ཚུལ་འཆོས་མཁན་ནི་བཅར་མི་ཐུབ། བདག་གི་ཐར་པར་ཁོང་ཉིད་འགྱུར་བར་འགྱུར། ༡༧ བདག་གི་གཏམ་ལ་མ་གཡེངས་པར་ཉོན་ཅིག བདག་གི་བཤད་པ་རྣམས་ལ་རྣ་བས་ཉོན། ༡༨ ལྟོས་ངས་རང་གི་གནས་ལུགས་འགྲེལ་བར་བྱ། བདག་ནི་རྣམ་དག་འགྱུར་བ་བདག་གིས་ཤེས། ༡༩ བདག་ལ་སྙད་འདོགས་བྱེད་མཁན་དེ་སུ་ཡིན། ནོངས་ཡོད་ན་བདག་ཁ་རོག་རང་སྲོག་གཏང་།
༢༠ བདག་ལ་བྱ་བ་གཉིས་རང་མ་མཛོད་ཅིག དེ་ནས་ཁྱེད་ནས་བདག་ཡིབ་པར་མི་བྱ། ༢༡ ཁྱེད་ཀྱི་ཕྱག་ང་ནས་ཐག་རིང་འཐེན་མཛོད། ཁྱེད་ཀྱི་འཇིགས་པས་བདག་དངངས་སྐྲག་མ་ཆུག ༢༢ དེ་ནས་བོས་མཛོད་བདག་གིས་ཞུ་ལན་དབུལ། ཡང་ན་བདག་གིས་ཞུ་སྟེ་ཁྱེད་ལན་སྩོལ། ༢༣ བདག་གི་ཉེས་པ་སྡིག་པ་ཅི་ཙམ་ཡོད། བདག་གི་འགལ་འཁྲུལ་སྡིག་གྲིབ་བདག་ལ་སྟོན། ༢༤ ཁྱེད་ཀྱི་ཞལ་རས་ཅི་ལ་སྦ་བར་མཛད། ཁྱེད་ཀྱི་བདག་ལ་ཅིའི་ཕྱིར་དགྲ་རུ་འཛིན། ༢༥ རླུང་འཁྱེར་ལོ་མ་ཁྱེད་ཀྱིས་གཅག་མཛད་དམ། སོག་མ་སྐམ་པོ་ཁྱེད་ཀྱིས་བདའ་ཡོང་ངམ། ༢༦ བདག་དོན་ཁྱེད་ཀྱིས་ཁ་ཏིག་པ་འབྲི་ཞིང་། གཞོན་དུས་ཉེས་འགལ་བདག་ལ་དབང་བར་གནང་། ༢༧ བདག་གི་རྐང་པ་ལྕགས་སྒྲོག་གིས་བཅིང་ནས། བདག་གི་ལམ་ཀུན་ལ་ཞིབ་ཏིག་གིས་གཟིགས། བདག་གི་རྐང་མཐིལ་མཐའ་འཁོར་ཐིག་གིས་སྐོར། ༢༨ མུག་པས་ཟས་པའི་དུག་ལོག་འདྲ་བ་སྟེ། བདག་ཀྱང་རུལ་ཞིང་ཧྲུལ་པོ་དང་མཚུངས་སོ༎