༡༢
དེ་ནས་ཡོབ་ཀྱིས་ལན་བཏབ་སྟེ་སྨྲས་པ།  ཐེ་ཚོམ་མེད་པར་ཁྱེད་རྣམས་སྐྱེ་བོ་སྟེ། ཁྱེད་དང་ལྷན་ཅིག་ཤེས་རབ་འདའ་བར་འགྱུར།  ཁྱེད་ཅག་ལྟ་བུའི་ཤེས་རབ་བདག་ལའང་ཡོད། ཁྱེད་རྣམས་ལས་བདག་དམན་པ་མ་ཡིན་ཏེ། འོ་ན་འདི་འདྲ་མི་ཤེས་པ་སུ་ཡོད།  བདག་ནི་ཁྱིམ་མཚེས་པ་ཡི་བཞད་གད་རྒྱུ། ངས་དཀོན་མཆོག་ལ་བོས་ནས་ལན་གནང་ཡང་། ཆོས་དྲང་ཕུན་སུམ་ཚོགས་པ་འཕྱ་བར་འགྱུར།  རང་གི་རྐང་པ་འདྲེད་ཁར་ཡོད་པ་ལ། ཚིམ་པའི་མི་ཡིས་རྡོག་ཕྱུང་རྒྱབ་དང་མཚུངས།
 རྐུན་ཇག་རྣམས་ཀྱི་གུར་ནི་བདེ་ལེགས་ཤིང་། དཀོན་མཆོག་གི་ཐུགས་དཀྲུགས་པ་རྣམས་བདེ་ཞིང་། དེ་དག་ལག་ནང་ཁོང་གི་ནོར་སྐལ་གནང་།  འོན་ཀྱང་དུད་འགྲོར་དྲིས་ཁྱོད་ལ་བསླབ་འོང་། ནམ་མཁའི་བྱ་ལ་དྲིས་ཤིག་འཆད་པར་འགྱུར།  ཡང་ན་ས་ལ་དྲིས་དེས་སྟོན་པར་འགྱུར། རྒྱ་མཚོའི་ཉ་ལ་དྲིས་ཤིག་དེས་བསྟན་འོང་།  འདི་དག་ཐམས་ཅད་དཀོན་མཆོག་གི་ཕྱག་གིས། བཀོད་པ་ནི་མི་རྣམས་སུས་ཀྱང་མི་ཤེས། ༡༠ ཁོང་ཕྱག་ཏུ་སེམས་ཅན་གྱི་སྲོག་དང་། མི་བརྒྱུད་ཐམས་ཅད་ཀྱི་དབུགས་ཀྱང་ཡོད་དོ། ༡༡ རྐན་གྱིས་ཁ་ཟས་བྲོ་བ་མྱོང་བ་བཞིན། རྣ་བས་གཏམ་གྱི་བྱེ་བྲག་མི་འབྱེད་དམ། ༡༢ བཀྲེས་པོ་རྣམས་དང་ལྷན་ཅིག་ཤེས་རབ་བཞུགས། ཚེ་རིང་རྣམས་དང་མཉམ་དུ་བློ་གྲོས་གནས། ༡༣ ཁོང་མཉམ་ཤེས་རབ་དང་བློ་གྲོས་ཡོད་དེ། ཇུས་དང་མཁྱེན་རྒྱ་ཁོང་ལ་མངའ་ལགས་པས། ༡༤ ཀྱེ་ཧོ་ཁོང་གིས་བཤིག་པ་རྩིག་མི་ནུས། ཁོང་གིས་དགར་བ་ལ་འགྲོལ་ཐབས་ཀྱང་མེད། ༡༥ ཁོང་གིས་ཆུ་རྣམས་འགེགས་པས་དེ་རྣམས་སྐམ། དེ་རྣམས་ལྷོད་པས་ས་གཞི་མགོ་མཇུག་ལོག ༡༦ ཁོང་མཉམ་མཐུ་སྟོབས་དང་ཡེ་ཤེས་བཞུགས་པས། གཡོ་ཅན་དང་གཡོ་ཕོག་གཉིས་ཁོང་དབང་ཡོད། ༡༧ ཁོང་གིས་ཁྲིམས་དཔོན་བཙོན་པར་མཛད་ནས་འཁྱེར། གྲོས་དཔོན་རྣམས་ནི་བློ་གྲོས་རྨོངས་པར་མཛད། ༡༨ རྒྱལ་པོ་རྣམས་ཀྱི་འཆིང་བ་སྒྲོལ་མཛད་ཅིང་། དེ་དག་རྐེད་པར་སྐ་རགས་དཀྲི་བར་མཛད། ༡༩ བླ་མ་རྣམས་བཅོམས་ནས་ཕར་འཁྱེར་མཛད་དེ། དཔའ་བོ་རྣམས་ཡོངས་སུ་འཕམ་པར་མཛད་ཅིང་། ༢༠ བློ་སེམས་བརྟན་པོའི་གཏམ་ནི་མེད་པར་མཛད། རྒན་པོའི་བློ་གྲོས་ཁོང་གིས་བསྣམ་པར་མཛད། ༢༡ སྐུ་དྲག་རྣམས་ཀྱི་ཐོག་ཏུ་དམའ་འབེབས་བླུག སྟོབས་པོ་ཆེ་ཡི་སྐ་རགས་སྒྲོལ་བར་མཛད། ༢༢ མུན་ཐིབ་ནང་ནས་དོན་ཟབ་འབྱིན་པར་མཛད། འཆི་བའི་གྲིབ་ནི་འོད་དུ་འཕྲོ་བར་མཛད། ༢༣ མི་སྡེ་དར་དུ་བཅུག་ནས་འཇོམས་པར་མཛད། མི་བརྒྱུད་འཕེལ་བར་མཛད་ནས་མེད་པར་མཛད། ༢༤ ས་གཞིའི་མི་སྡེའི་སྐུ་དྲག་སྙིང་འཁྱེར་ཏེ། ལམ་མེད་པའི་འབྲོག་སྟོང་ནང་འཁྱམ་དུ་འཇུག ༢༥ འོད་མེད་མུན་གྲིབ་ནང་དུ་མུན་ཉུག་གཏོང་། མྱོས་པའི་མི་ལྟར་དེ་དག་འཁྱོར་འཇུག་གོ།