༧
མི་ནི་ས་གཞིར་དམག་འགྱེད་མཁན་མིན་ནམ། ཁོའི་ཚེ་དང་གླ་པའི་ཚེ་མི་འདྲ་འམ། ༢ གླ་མིས་གྲིབ་བསིལ་དོན་དུ་བསྙེགས་འདྲ་དང་། གླ་པས་ལག་གླར་བལྟ་བཞིན་དུ། ༣ ཉོན་མོངས་ཟླ་རྣམས་མངའ་ཕྱིར་བདག་ཀྱང་བཀོད། སྡུག་བསྔལ་ཅན་གྱི་མཚན་རྣམས་ང་ལ་བསྐོས། ༤ བདག་ནི་ཉལ་ནས་བདག་ནམ་ལང་བར་འགྱུར། མཚན་མོ་དེ་ནམ་འདའ་བར་འགྱུར་ངས་སྨྲས། ཐོ་རངས་བར་བདག་ལ་ལོགས་སྤོ་ཞིང་དུབ། ༥ ངའི་ལུས་འབུ་དང་ས་ཡི་གོང་བུས་གཡོགས། ངའི་པགས་པ་གས་ནས་སླར་ཡང་རྡོལ་ལོ། ༦ ངའི་ཚེ་ཐག་པའི་འགྲོན་བུ་ལས་སྐྱེན། རེ་བ་མེད་ཅིང་དེ་རྣམས་འདས་ཀྱང་འདས།༧ ངའི་ཚེ་རླུང་ཡིན་པར་ཡིད་ལ་ཞོག་དང་། ཕྱིན་ཆད་ངའི་མིག་གིས་བདེ་སྐྱིད་མི་མཐོང་། ༨ བདག་མཐོང་བའི་མིག་གིས་སླར་བདག་མི་མཐོང་། ཁྱོད་ཚོའི་མིག་གིས་མཐོང་རུང་བདག་མི་ལུས། ༩ སྤྲིན་ཡལ་ཞིང་མི་སྣང་བར་འགྱུར་བ་བཞིན། དུར་ནང་འབེབས་པ་ནི་སླར་ཕྱིར་མི་འཐོན། ༡༠ དེ་རང་གི་ཁྱིམ་དུའང་སླར་ལོག་མི་འོང་། དེའི་ཁྱིམ་གྱིས་ཀྱང་ཕྱིས་ཁོ་ཤེས་མི་ཡོང་། ༡༡ དེའི་ཕྱིར་བདག་གིས་ཁ་བཟོད་པར་མི་བྱ། ངས་སྲོག་གཟེར་གྱི་ནང་ནས་གླེང་བར་བྱ། སྙིང་ཁ་ཏིག་པའི་ནང་ནས་བརྗོད་ངན་གཏང་།
༡༢ ཁྱེད་ཀྱིས་བདག་སྲུང་སྲུང་དུ་སྡོད་པས་ན། བདག་རྒྱ་མཚོ་ཡང་ན་ཆུ་སྲིན་ཡིན་ནམ། ༡༣ ངའི་མལ་སྟན་གྱིས་བདག་ལ་བློ་བདེ་དང་། མལ་སས་ངའི་སྐྱོ་བསངས་པར་བྱ་ཟེར་ན། ༡༤ ཁྱེད་ཀྱིས་རྨི་ལམ་ངང་ནས་བདག་འཚབས་འཇུག མཐོང་སྣང་སྒོ་ནས་བདག་སྐྱི་གཡའ་འཇུག་པས། ༡༥ ངའི་སེམས་ཉིད་སྐེ་ཐག་ལ་ཞུགས་འདོད་ཅིང་། བདག་གསོན་པ་འདི་བས་ཀྱང་འཆི་རུ་འདོད། ༡༦ ཚེ་ལ་ངས་ཡི་སུན་གཏན་དུ་མི་གསོན། ངའི་ཞག་དབུགས་ཡིན་པས་བདག་ཙོ་གེར་ཞོག ༡༧ ཁྱེད་ཀྱིས་བསྟོད་ཅིང་སྙིང་ནས་དོན་གཉེར་བའི། མི་ནི་ཡིན་རང་ཅི་ཞིག་ཡིན་པ་ལགས། ༡༨ སྔ་དྲོ་རེ་དེ་ལ་འཕྲད་དུ་གཤེགས་ཤིག ཡུད་རེ་རེ་བཞིན་ཉམས་ཚོད་ཅི་ལ་འབྲུ། ༡༩ ཁྱེད་ཀྱི་སྤྱན་བདག་ལས་ནམ་སྒྱུར་བར་བྱ། བདག་ལ་མཆིལ་མ་མིད་པའི་ལོང་ཙམ་གནོང་། ༢༠ ངས་ཉེས་མིའི་སོ་པ་ཁྱེད་ལ་ཅི་བྱ། བདག་ནི་ཁྱེད་དྲུང་ཅིའི་ཕྱིར་འབེན་ལྟར་འཇོག ད་ལྟ་བདག་ཉིད་བདག་གི་ཁལ་དུ་འགྲོ། ༢༡ ཅི་ལ་ཁྱེད་ཀྱིས་བདག་གི་སྐྱོན་མི་བཟོད། ཅི་ལ་བདག་གི་མི་དགེ་སེལ་མི་མཛོད། ད་བདག་ཐལ་བའི་ནང་དུ་ངལ་གསོས་ཏེ། ཁྱེད་ཀྱིས་རབ་འཚོལ་ཡང་བདག་ནི་ཡོད་མེད༎