༨
དེ་ནས་ཤུ་ཧི་པ་བིལ་དཱད་ཀྱིས་ལན་བཏབ་ཅིང་སྨྲས་པ། ༢ ནམ་བར་ཁྱེད་ཀྱིས་འདི་འདྲ་གླེང་བར་བྱ། ནམ་བར་ཁྱེད་ཀྱི་ཚིག་རླུང་དམར་ལྟར་འཚུབ། ༣ དཀོན་མཆོག་གིས་ཞལ་ཆེ་ལོག་པར་གཅོད་དམ། ཡང་ན་ཀུན་དབང་གིས་ཁྲིམས་ལོག་མཛད་དམ། ༤ ཁྱེད་ཀྱི་བུ་ཚོས་ཁོང་ལ་ཉེས་པ་དང་། དེ་དག་གི་ཉེས་སྐྱོན་ཕྱིར་ཁོང་གིས་དབྱུགས། ༥ ཁྱེད་གདོང་ཤུགས་དྲག་པོས་དཀོན་མཆོག་བཙལ་ཏེ། ཀུན་དབང་ཁོང་ལ་ཁྱེད་ཀྱིས་བཅོལ་བ་དང་། ༦ ཁྱེད་ནི་གཙང་ཞིང་ཆོས་དྲང་པོ་ཡིན་ན། ད་ལྟ་ཁྱེད་དོན་དུ་ཁོང་བཞེང་ངེས་ཏེ། ཁྱེད་བློ་དྲང་གི་ཁྱིམ་བཀྲ་ཤིས་པོར་མཛད། ༧ ཁྱེད་ཀྱི་ཚེ་སྟོད་ཉུང་ཉུང་ཡོད་མོད་ཀྱི། ཚེ་མཇུག་རབ་ཏུ་རྒྱས་འགྱུར་བར་ངེས།༨ གནའ་བོའི་སྐྱེ་བོ་རྣམས་ལ་འདྲི་བར་མཛོད། དེ་ཚོའི་མེས་པོས་བརྟགས་པ་ལ་གཉེར་ཞིང་། ༩ ས་གཞིར་ངེད་ཚོའི་ཚེ་གྲིབ་མ་དང་འདྲ། མདང་གི་མི་ཡིན་པས་ངེད་ཅིའང་མི་ཤེས། ༡༠ དེ་ཚོས་ཁྱེད་ལ་བསླབ་ཅིང་མི་འཆད་དམ། དེ་དག་གིས་ཁྱེད་ལ་སྙིང་གཏམ་མི་བྱའམ།
༡༡ འདམ་རྫབ་མེད་སར་ཆུ་ཤིང་སྐྱེ་འགྱུར་རམ། ཆུ་དང་འབྲལ་བར་འདམ་བུ་སྐྱེ་ཡོང་ངམ། ༡༢ དེ་མ་བཅད་པར་སྔོན་པོ་ཡོད་མོད་ཀྱི། སྔོ་ཚོད་ཀུན་ལས་དེ་ནི་སྔོན་དུ་སྐེམ། ༡༣ དཀོན་མཆོག་བརྗོད་པ་ཀུན་གྱི་ལམ་ཡང་དེའོ། ཚུལ་ཆོས་མཁན་གྱི་རེ་བའང་འདའ་བར་འགྱུར། ༡༤ དེ་དག་གི་རེ་ལྟོས་རྩད་ནས་གཅད་དེ། བློ་གཏད་ཐག་སྦྲ་འབུའི་ཚང་དུ་འགྱུར་འོང་། ༡༥ རང་ཁྱིམ་ལ་རྟེན་ཡང་དེ་ལུས་མི་འགྱུར། ཁོས་དེ་དམ་དུ་འཇུ་རུང་གནས་མི་འགྱུར།
༡༦ ཁོ་ཉི་མའི་མདུན་དུ་སྔོན་པོར་སྐྱེ་ཞིང་། རང་ཚལ་གྱི་ནང་དུ་ལྕུག་གུ་རྣམས་རྐྱོང་། ༡༧ དེའི་རྩ་བས་རྫ་སྤུང་ལ་འཁྲིལ་འཁྲིལ་ནས། རྡོ་རྩིག་གི་གནས་ས་ལ་ལྟ་བར་བྱེད། ༡༨ སུས་ཁོ་གནས་ལས་མེད་པར་བྱས་པ་ན། སས་ཁྱོད་མ་མཐོང་ཟེར་ཞིང་སྙད་འདོགས་བྱའམ། ༡༩ ལྟོས་ཤིག་འདི་དེའི་ཐབས་ཀྱི་དགའ་བ་ལགས། དེ་ནས་གཞན་རྣམས་ས་ལས་འཁྲུང་བར་འགྱུར།