༥
ལན་འདེབས་མཁན་ཡོད་ན་ད་འོ་དོད་བོས། སྐྱེས་མཆོག་གང་ལ་ཁྱེད་ཀྱིས་འབུངས་པར་བྱ། ༢ མི་བླུན་པོ་ཡི་སྲོག་ནི་ཁོང་ཁྲོས་གཅོད། འཁོན་སེམས་ཀྱིས་བློ་རྨོངས་པ་སྲོག་དང་འཕྲལ། ༣ གླེན་པས་རྩ་བ་བརྐྱང་པའང་ངས་མཐོང་རུང་། བློ་བུར་ངས་དེའི་ཁྱིམ་ལ་དམོད་བོར་ནས། ༤ བདེ་བ་ལས་དེའི་བུ་རྣམས་རྒྱང་རིང་ཞིང་། རྒྱ་སྒོར་འཐག་ཀྱང་སྒྲོལ་མཛད་གང་ཡང་མེད། ༥ དེ་ཡི་སྟོན་ཐོག་ལྟོགས་མཁན་གྱིས་ཟས་ཏེ། ཚེར་ཁྲོད་ལས་ཀྱང་དེ་དག་བཏོན་ནས་འཁྱེར། ཇག་པ་རྣམས་ཀྱིས་དེ་ཡི་རྒྱུ་ནོར་མིད། ༦ ཐལ་ཁྲོད་ལས་ནི་ཉོན་མོངས་མི་སྐྱེ་ཡང་། ས་ལས་སྡུག་བསྔལ་སྐྱེ་མི་སྐྱེ་ན་ཡང་། ༧ ཇི་ལྟར་མེ་སྟག་ཡར་ཕྱོགས་འཕར་བར་བྱེད། དེ་ལྟར་མི་ཡང་སྡུག་བསྔལ་དོན་དུ་སྐྱེ།༨ འོན་ཀྱང་བདག་གིས་དཀོན་མཆོག་བཙལ་ནས་ནི། རང་གི་རྒྱུ་རྐྱེན་དཀོན་མཆོག་ལ་བཏད་དོ། ༩ ཁོང་གིས་ཁྱད་འཕགས་བསམ་ལས་འདས་པ་འགོད། ངོ་མཚར་རྨད་བྱུང་གྲངས་ལས་འདས་པ་མཛད། ༡༠ ཁོང་གིས་ས་གཞིར་ཆར་ཆུ་འབེབས་མཛད་ཅིང་། ཁོང་གིས་ཆུ་རྣམས་ཞིང་ཁར་གནང་བར་མཛད། ༡༡ མི་དམའ་བ་རྣམས་མཐོ་སར་འདེགས་པ་དང་། མྱ་ངན་བྱེད་པའང་འདེགས་ཏེ་བློ་བདེར་འཇུག ༡༢ ཟོལ་ཟོག་ཅན་གྱི་ཇུས་རྣམས་འཕུང་འཇུག་པས། དེ་དག་ལག་པས་བསམ་དོན་འགྲུབ་མི་ནུས། ༡༣ ཁོང་གིས་མཁས་པ་རང་གི་ཟོལ་ཟོག་ནང་། གཡོ་ཅན་གྱི་གྲོས་མགོ་མཇུག་ཟློག་པར་མཛད། ༡༤ དེ་དག་ཉིན་མོ་ལ་ཡང་མུན་པར་ལྟུང་། ཉིན་གུང་ལ་ཡང་མཚན་ལྟར་མུན་ཉུག་གཏོང་། ༡༥ འོན་ཀྱང་དབུལ་པོ་དབང་ཅན་གྱི་ལག་པ་དང་། དེ་ཡི་ཁ་དང་རལ་གྲི་ལས་སྐྱོབ་པས། ༡༦ དེ་ལྟར་དབུལ་པོར་རེ་བ་ཡོད་མོད་ཀྱི། སྡིག་སྤྱོད་ཀྱིས་རང་གི་ཁ་འདིགས་པར་བྱེད།
༡༧ ལྟོས་དཀོན་མཆོག་གིས་འཇུན་པའི་མི་བདེ་བས། ཀུན་དབང་གིས་བཅུན་ལུགས་ཁྱད་དུ་མ་སོད། ༡༨ ཁོང་གིས་རྨ་ཕྱུང་ནའང་དེ་དཀྲི་བར་མཛད། སྣད་པར་མཛད་ནའང་ཁོང་ཉིད་ཕྱག་གིས་གསོ། ༡༩ ཁོང་གིས་ཁྱེད་ཉོན་མོངས་དྲུག་ལས་བསྒྲལ་སྟེང་། བདུན་པའི་ནང་རྐྱེན་ངན་གྱིས་ཁྱེད་མི་རེག ༢༠ མུ་གེའི་ནང་ཁྱེད་འཆི་བ་ལས་བསྒྲལ་ཞིང་། དམག་ནང་རལ་གྲིའི་སྟོབས་ལས་སྐྱོབ་པར་འགྱུར། ༢༡ ལྕེ་ཡི་སྐུར་པ་ལས་ཐར་བ་མ་ཟད། སྟོངས་བྱེད་འོང་དུས་ཁྱེད་འཚབས་པར་མི་འགྱུར། ༢༢ འཆི་བ་དང་མུ་གེར་ཁྱེད་བཞད་པར་འགྱུར། སའི་གཅན་གཟན་ལའང་ཁྱེད་མི་འཇིགས་པ་ནི། ༢༣ ཐང་གི་རྡོ་དང་ཁྱེད་ཀྱིས་ཆད་བྱ་ཞིང་། རི་གའི་གཅན་གཟན་ཁྱེད་དང་འཆམ་གྱུར་བས། ༢༤ གུར་ཁང་བརྟན་པོ་ཡིན་པར་ངོ་རྟོགས་ཤིང་། ལུག་ར་ལ་བལྟ་དུས་སུ་འཕྱུགས་མི་འགྱུར། ༢༥ ཁྱེད་ཀྱི་བརྒྱུད་རྩྭ་འཕེལ་ཞིང་གདུང་རྒྱུད་ནི། སའི་རྩྭ་ལྟར་དར་འོང་བའང་རྟོགས་པར་འགྱུར། ༢༦ རང་གི་དུས་སུ་འབྲུ་ནང་དུ་བསྡུ་ལྟར། སྐུ་ཚེས་ཚིམ་ནས་སྤུར་ཁང་སླེབ་པར་འགྱུར།
༢༧ བདག་གིས་བརྟགས་པས་གཟིགས་ཤིག་དེ་བཞིན་ལགས། བདེ་བའི་དོན་འདི་རྟོགས་ཤིང་ཐུགས་བསམ་མཛོད༎