༤
དེ་ནས་ཐེ་མན་པ་ཨེ་ལི་ཕཱ་ཡིས་ལན་དུ་སྨྲས་པ། ༢ གཏམ་ཞིག་ཞུ་ན་ཁྱེད་ཐུགས་འཁྲུགས་འགྱུར་རམ། འོན་ཀྱང་མ་ཟེར་བར་སུ་བཟོད་པར་ནུས། ༣ ཀྱེ་ཧོ་མང་པོར་ཁྱེད་ཀྱིས་གདམས་ངག་གནང་། ཁྱེད་ཀྱིས་ཉམས་ཆུང་ལ་ལག་ཤེད་བཅུག་གོ། ༤ ཁྱེད་ཀྱི་ཞལ་ཏས་ལྟུང་ཁར་ཡོད་པ་བཟུང་། ཁྱེད་ཀྱིས་པུས་མོ་ལྷོད་པོར་སྟོབས་བཅུག་མོད། ༥ ད་དེ་རང་ཁྱེད་ཐོག་བབ་པས་ཁྱེད་འཁམས། ཁྱེད་ལ་ཕོག་པས་ཁྱེད་ཁོང་འཁྲུགས་པར་བྱེད། ༦ དཀོན་མཆོག་ལ་འཇིགས་པ་གདེང་མ་ཡིན་ནམ། ཆོས་དྲང་པོ་དེ་རེ་བ་མ་ཡིན་ནམ། ༧ ནོངས་མེད་པ་ནམ་ཤི་ཐུགས་སུ་དྲན་མཛོད། ཡང་ན་ཆོས་དྲང་པོ་གང་དུ་བཅད་བྱུང་། ༨ ངན་པ་རྨོ་ཞིང་མི་དགེ་འདེབས་པ་ཡིས། དེ་རང་སྡུད་པར་ང་ཡིས་མཐོང་ཡང་མཐོང་། ༩ དཀོན་མཆོག་ཞལ་གྱི་དབུགས་ཀྱིས་དེ་དག་འཆི། ཁོང་གི་ཤངས་དབུགས་ཀྱིས་ནི་དེ་རྣམས་ནུབ། ༡༠ སེང་གེའི་ངར་སྐད་དང་སེང་དྲག་པོའི་སྒྲ། སེང་དར་མའི་མཆེ་བ་དང་བཅས་སུ་ཆག ༡༡ སེང་རྒན་ལ་ལིངས་ཆད་བྱུང་སྟེ་ཤི་བས། སེང་མོའི་སེང་ཕྲུག་རྣམས་ཁྲེ་ཟིང་ངེར་སོང་།༡༢ དེ་ཡང་བདག་གིས་གསང་བའི་གཏམ་ཞིག་ཐོས། དེ་ལས་ཅུང་ཟད་བདག་གི་རྣ་བར་ཆུད། ༡༣ མི་རྣམས་ལ་གཉིད་ལྕི་བ་འཐིབ་པའི་དུས། མཚན་མོའི་ཞལ་གཟིགས་ཀྱི་བསམ་པ་རྣམས་ནང་། ༡༤ བདག་གི་རུས་པ་ཡོད་ཚད་འཁྲུགས་བཅུག་པའི། དངངས་སྐྲགས་འདར་ཡམ་ཞིག་བདག་ལ་བྱུང་ནས། ༡༥ སྣང་བ་ཞིག་ངའི་གདོང་མདུན་ལས་ཕར་སོང་། བདག་གི་ལུས་ཀྱི་བ་སྤུ་ཟིང་ལང་བྱུང་། ༡༦ དེ་ལང་ནས་བསྡད་ཀྱང་ངས་ངོ་མ་ཤེས། ངའི་མིག་དྲུང་དུ་གཟུགས་བརྙན་ཞིག་འདུག་སྟེ། ཐིང་འཇམ་གྱུར་ནས་ངས་ཐོས་པའི་སྐད་ནི།
༡༧ དཀོན་མཆོག་ལས་མི་རྟག་པའི་མི་དེ་དྲང་ངམ། མི་ཡི་མཛད་པོ་ལས་མི་དེ་གཙང་ངམ། ༡༨ ཀྱེ་ཧོ་ཁོང་ཉིད་བྲན་པོར་ཐུགས་མི་གཏོད། ཁོང་ཉིད་ཕོ་ཉ་རྣམས་བླུན་པོར་རྩི་བས། ༡༩ ཐལ་ཁྲོད་གཞི་མ་ཡོད་ཅིང་སའི་ཁྱིམ་ནང་། གནས་པ་རྣམས་ནི་ཅི་ཙམ་ཆུང་མི་ཆུང་། སྦྲང་བུ་མེ་ལྕེབ་གདོང་ངོར་དེ་དག་ནོན། ༢༠ སྔ་དྲོ་ནས་དགོངས་མོའི་བར་དུ་དེ་དག་རློག དེ་དག་ཡོངས་སུ་འཆི་ཡང་བལྟ་མཁན་མེད། ༢༡ དེ་ནང་ཡོད་པའི་དཔལ་ནི་མི་ཡལ་ལམ། ཤེས་རབ་དང་བྲལ་བཞིན་དེ་དག་ཚེ་འཕོའོ༎