དེ་ནས་ཟླ་བ་དེའི་ཚེས་པར་ཉི་ཤུ་རྩ་བཞི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་སྨྱུང་གནས་སྲུང་ཞིང་། ལུས་རྩྭ་ཕད་དང་མགོ་ལ་རྡུལ་གོན་ཏེ་འདུས་སོ།  ཡང་ཨིས་ར་ཨེལ་གྱི་བུ་བརྒྱུད་ནི་ཕྱི་པ་ཐམས་ཅད་ལས་སོ་སོར་བྲལ་ཏེ། དེ་དག་ཡར་ལངས་ནས་རང་གི་སྡིག་པ་དང་རང་གི་ཕ་མེས་ཀྱི་སྐྱོན་རྣམས་མཐོལ་ཏོ།  དེ་དག་རང་གི་གནས་སུ་ལངས་ནས། ཉི་མ་དྲོས་པའི་བར་དུ་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མདོ་དེ་བཀླགས་ཏེ། ཉིན་གུང་ཡོལ་བའི་བར་དུ་སྡིག་པ་མཐོལ་ནས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་ཕྱག་བཙལ་ཏོ།  དེ་ནས་ལེ་ཝི་པ་རྣམས་ལས་ཡེ་ཤུ་ཨ་དང་། བཱ་ནི་དང་། ཀད་མི་ཨེལ་དང་། ཤེ་བན་ཡཱ་དང་། བུན་ནི་དང་། ཤེ་རབ་ཡཱ་དང་། བཱ་ནི་དང་། ཁེ་ནཱ་ནི་དང་མི་བརྒྱད་ཐེམ་པའི་ཁར་ལངས་ཏེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་འབོད་བསྒྲགས་སོ།  ཡང་ཡེ་ཤུ་ཨ་དང་། ཀད་མི་ཨེལ་དང་། བཱ་ནི་དང་། ཧ་ཤབ་ནེ་ཡཱ་དང་། ཤེ་རབ་ཡཱ་དང་། ཧོ་དི་ཡཱ་དང་། ཤེ་བན་ཡཱ་དང་། པེ་ཐ་ཧི་ཡཱ་བྱ་བའི་ལེ་ཝི་པ་བརྒྱད་ཀྱིས་འདི་སྐད་དུ། ལོངས་ལ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་དུས་རྒྱུན་ནས་རྒྱུན་དུ་སྟོད་པ་ཕུལ་ཞིག ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱི་མཚན་དཔལ་དང་ལྡན་པ་ཤིས་པ་དང་སྟོད་པ་ཀུན་ལས་ཡར་འཕགས་པ་ལ་བཀྲ་ཤིས་ཤོག
 ཁྱེད་གཅིག་པོ་ཡ་ཧོ་ཝཱ་ལགས། ནམ་མཁའ་དང་ནམ་མཁའ་རྣམས་ཀྱི་ནམ་མཁའ་དང་། དེ་དག་གི་ཚོགས་ཐམས་ཅད་དང་། ས་གཞི་དང་། དེའི་ནང་ན་ཡོད་པ་ཀུན་དང་། རྒྱ་མཚོ་རྣམས་དང་། དེ་དག་གི་ནང་ན་ཡོད་པ་ཐམས་ཅད་བཀོད་པར་མཛད་ནས། དེ་ཐམས་ཅད་སྐྱོང་བར་ཡང་མཛད་པས།  གནམ་ཚོགས་ཀྱིས་ཁྱེད་ལ་ཕྱག་འཚལ་ལོ། ཁྱེད་ནི་ཡ་ཧོ་ཝཱ་དཀོན་མཆོག་ལགས། ཁྱེད་ཀྱིས་ཨབ་རམ་འདམས་ཏེ་ཀལ་དཱི་པ་རྣམས་ཀྱི་ས་ཨུར་ཡུལ་ནས་ཁྲིད་ཅིང་། དེའི་མིང་དུ་ཨབ་ར་ཧམ་ཞེས་བཏགས་པར་མཛད་དོ།  ཁྱེད་ཀྱི་དྲུང་དུ་དེའི་སྙིང་དད་པ་ཅན་གཟིགས་ཏེ་དེ་ལ། ཀ་ན་ཨན་པ་དང་། ཧེད་པ་དང་། ཨ་མོར་པ་དང་། ཕེ་རི་ཟི་པ་དང་། ཡེ་བུས་པ་དང་། གིར་ག་ཤི་པའི་ཡུལ་རྣམས་ཁྱོད་ཀྱི་བུ་བརྒྱུད་ལ་གནང་བར་བྱའོ་ཞེས་ཞལ་གྱིས་བཞེས་པ་དེ་བསྒྲུབ་པར་མཛོད་དོ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ནི་ཐུགས་དྲང་པོ་ལགས་པའི་ཕྱིར་རོ༎
 ཡང་མི་སེར་ཡུལ་དུ་བདག་ཅག་གི་ཕ་མེས་ཀྱི་སྡུག་བསྔལ་ལ་ཁྱེད་ཀྱིས་གཟིགས་ཏེ། རྒྱ་མཚོ་དམར་པོའི་འགྲམ་དུ་དེ་དག་གི་སྨྲེ་ངག་ལ་གསན་ནས། ༡༠ ཕར་ཨོ་དང་། དེའི་འཁོར་གཡོག་ཐམས་ཅད་དང་། དེའི་ཡུལ་གྱི་འབངས་ཐམས་ཅད་ལ་རྟགས་པ་དང་ལྟས་སོ་སོ་བསྟན་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ཚོ་ང་རྒྱལ་གྱིས་བསྙེམས་ཏེ། དེ་དག་ལ་བརྙས་པ་གཟིགས་པའི་ཕྱིར་རོ། དེ་ལྟར་དེ་རིང་གི་བར་དུ་ལུས་ཡོད་པའི་ཉིད་ཀྱི་མཚན་བཏོན་ཏོ། ༡༡ ཁྱེད་ཀྱིས་དེ་དག་གི་མདུན་དུ་རྒྱ་མཚོ་ཁག་གཉིས་སུ་མཛད་པས། དེ་དག་རྒྱ་མཚོའི་དཀྱིལ་དུ་ས་སྐམ་ལྟར་ཕྱིན་ཏོ། རྡོ་ཞིག་ཆུ་གཏིང་ཟབ་ཀྱི་ནང་དུ་འཕེན་པ་ལྟར། ཁྱེད་ཀྱིས་དེ་དག་ལ་བདའ་མཁན་རྣམས་ཤེད་ཆེ་བའི་ཆུ་རྣམས་ནང་ཕངས་པར་མཛད། ༡༢ དེའི་སྟེང་དུ་ངེད་ཀྱི་ཕ་མེས་རྣམས་འགྲོ་བའི་ལམ་དུ་འོད་གནང་བའི་ཕྱིར། ཉིན་མོར་སྤྲིན་གྱི་ཀ་བ་དང་། མཚན་མོར་མེའི་ཀ་བས་འཁྲིད་པར་མཛད། ༡༣ རི་བོ་སི་ནཱའི་སྟེང་དུ་ཕེབས་ཏེ་ནམ་མཁའ་ནས་དེ་དག་དང་གསུང་གླེང་མཛད་ཅིང་། ཞལ་ཆེ་དྲང་པོ་དང་། བདེན་པ་ཉིད་ཀྱི་བཀའ་རྒྱ་དང་། སྤྱད་མཚམས་དང་། བཀའ་མཆིད་བཟང་པོ་རྣམས་ཀྱང་གནང་ནས། ༡༤ ཁྱེད་ཀྱི་དམ་པའི་ཤབ་བཱད་དེ་དག་ལ་མངོན་པར་མཛད་ཅིང་། ཁྱེད་ཀྱི་བྲན་པོ་མོ་ཤེའི་ངག་གི་སྒོ་ནས་བཀའ་རྒྱ་དང་། སྤྱད་མཚམས་དང་། བཀའ་ཁྲིམས་བཙུགས། ༡༥ ཡང་ཁྱེད་ཀྱིས་དེ་དག་ལྟོགས་པའི་དུས་སུ་ནམ་མཁའ་ནས་བག་ལེབ་དང་སྐོམ་པའི་དུས་སུ་བྲག་གི་ནང་ནས་ཆུ་བཏོན་ནས་གནང་། ཡང་ཁྱེད་ཀྱིས་དེ་དག་ལ་གནང་བའི་ཕྱིར་དབུ་མནའ་བཞེས་པའི་ཡུལ་དེ་ནི་དབང་བར་འགྱུར་ཞེས་ཞལ་ཆད་མཛད་དོ༎
༡༦ འོན་ཀྱང་ངེད་ཀྱི་ཕ་མེས་དེ་དག་གིས་ང་རྒྱལ་བྱེད་ཅིང་། མཇིང་པ་གྱོང་པོ་བྱས་ཏེ། ཁྱེད་ཀྱི་བཀའ་ལ་མ་ཉན་པར། ༡༧ བཀའི་འབངས་མི་བྱའོ་སྨྲས་ནས། ཁྱེད་ཀྱིས་དེ་རྣམས་ཀྱི་དཀྱིལ་དུ་བསྟན་པའི་ལྟས་རྣམས་ཡིད་ལ་མ་བཅངས་པར། རང་གི་མཇིང་པ་གྱོང་པོ་བྱས་ནས། ངོ་ལོག་བྱེད་ཅིང་། སླར་བྲན་བྱེད་དུ་ལོག་པའི་ཕྱིར་དཔོན་པོ་ཞིག་ཀྱང་བསྐོས། ཡིན་ཀྱང་ཁྱེད་ནི་སྡིག་པ་སེལ་བར་མཉེས་པའི་དཀོན་མཆོག་ཐུགས་རྗེ་དང་སྙིང་རྗེ་ཅན་དང་། ཐུགས་སྣ་རིང་པོ་དང་། ཐུགས་རྗེ་ཆེན་པོ་ལགས་པས་དེ་དག་མ་སྤངས་སོ། ༡༨ འོ་ན། དེ་དག་གིས་བླུགས་པའི་བེའུ་ཞིག་བཟོས་ཏེ། ཁྱོད་ཅག་མི་སེར་ཡུལ་ནས་བཏོན་ཏེ་ཁྲིད་པའི་དཀོན་མཆོག་དེ་ནི་འདི་ཀ་ཡིན་ཟེར་ཞིང་། ཁྱེད་ཀྱི་ཐུགས་ཁྲོ་མང་དུ་དཀྲུགས་མོད། ༡༩ ཡིན་ན་ཡང་ཁྱེད་ཀྱི་ཐུགས་བརྩེ་བ་སྣ་ཚོགས་ཀྱི་སྒོ་ནས་དེ་དག་འབྲོག་སྟོང་དུ་མ་སྤངས་ཏེ། ཉིན་མོར་ལམ་དུ་འཁྲིད་པའི་ཀ་བ་དང་། དེ་དག་འགྲོ་དགོས་པའི་ལམ་དུ་མཚན་མོར་འོད་གནང་བའི་མེའི་ཀ་བ་དེ་ནི་དེ་དག་དང་མ་བྲལ་ཏོ། ༢༠ དེ་དག་ལ་བསླབ་བྱ་སྟོན་དུ་ཉིད་ཀྱི་ཐུགས་ཉིད་ལེགས་པོ་ཡང་གནང་བ་ཡིན། ཁྱེད་ཀྱི་མན་ནཱ་དེ་དག་གི་ཁ་ནས་འཐེན་པར་མ་མཛད། ཆུ་གནང་ནས་དེ་དག་གི་སྐོམ་རི་སངས་སུ་བཅུག་གོ། ༢༡ འོ་ན་ལོ་བཞི་བཅུའི་བར་དུ་འབྲོག་སྟོང་དུ་ཁྱེད་ཀྱིས་དེ་དག་བསྐྱངས་བས། དེ་དག་ལ་དགོས་འགྱག་གང་ཡང་མ་བྱུང་། དེ་དག་གི་གོས་རྣམས་རྙིང་པ་མ་སོང་། རྐང་པར་ཆུ་ལྒང་ཡང་མ་ཐོན། ༢༢ དེ་མ་ཟད་པར་ཁྱེད་ཀྱིས་དེ་དག་ལ་རྒྱལ་ཁམས་དང་། མི་བརྒྱུད་སོ་སོ་དང་། ཡུལ་དེའི་གྲུ་སོ་སོ་བགོས་ནས་བསྩལ་བས། དེ་དག་གིས་སི་ཧོན་གྱི་ཡུལ་དང་། ཧེས་བོན་གྱི་རྒྱལ་པོའི་ཡུལ་དང་། བཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བའི་ཡུལ་རྣམས་བདག་ཏུ་བཟུང་ངོ་། ༢༣ དེ་དག་གི་བུ་རྣམས་ཀྱང་ནམ་མཁའི་སྐར་མ་ལྟར་དར་བཅུག་པར་མཛད་ནས། སྔར་ཁྱེད་ཀྱིས་དེ་དག་གི་མེས་པོ་རྣམས་ལ། བདག་པོ་རྒྱབ་ཏུ་སོང་ཞིག་གསུངས་ནས། ཞལ་གྱིས་བཞེས་པའི་ཡུལ་དུ་ཁྲིད་པར་མཛད། ༢༤ དེ་ལྟར་དེ་དག་གི་བུ་རྣམས་ནང་དུ་ཞུགས་ནས། ཡུལ་དེ་དབང་བ་ཡིན། དེ་དག་གི་མདུན་དུ་ཡུལ་དེའི་གཞི་མི་ཀ་ན་ཨན་པ་རྣམས་ཁྱེད་ཀྱིས་བཏུལ་ནས། ཡུལ་དེའི་མི་དང་དེའི་རྒྱལ་པོ་རྣམས་ལ་ཇི་འཐད་བྱེད་འཇུག་ཏུ་དེ་དག་གི་ལག་ཏུ་བཏད་དོ། ༢༥ དེ་དག་ལ་གྲོང་ཁྱེར་བཙན་པོ་དང་། ཡུལ་སྐྱིད་པོ་དེ་བརྙེད་དེ། ནོར་གྱིས་གང་བའི་ཁང་པ་དང་། འབྲུས་ཡོད་པའི་ཁྲོན་པ་དང་། རྒུན་ཚལ་དང་། ཁ་སྐྱུར་ཚལ་དང་། བཟའ་ཤིང་མང་པོའི་བདག་པོར་གྱུར་ནས། ཟོས་ཏེ་ཚིམས་ནས་རྒྱགས། ཁྱེད་ཀྱི་བཀའ་དྲིན་ཆེན་པོའི་ནང་དུ་ལོངས་སྤྱོད་པར་གྱུར་ཏོ༎
༢༦ འོན་ཀྱང་དེ་དག་གིས་བཀའ་ལ་མ་ཉན་པར་ཁྱེད་ལ་ངོ་ལོག་བྱེད་ཅིང་། ཁྱེད་ཀྱི་བཀའ་ཁྲིམས་དེ་རྒྱབ་ཏུ་དབྱུགས་ནས། ཁྱེད་ཀྱི་ཕྱོགས་སུ་འགུག་པའི་ཕྱིར་དཔང་ཕུད་གཏོང་བའི་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད་པས། ཁྱེད་ཀྱི་ཐུགས་ཁྲོ་མང་དུ་དཀྲུགས། ༢༧ དེའི་ཕྱིར་ཁྱེད་ཀྱིས་དེ་དག་དགྲ་བོ་རྣམས་ཀྱི་ལག་ཏུ་བཏད་ནས། ཁོ་རྣམས་ཀྱིས་དེ་དག་ལ་སྡུག་པོ་བསྟེར་བས། དེ་དག་སྡུག་བསྔལ་གྱི་ནང་དུ་ཡོད་པའི་ཚེ། ཁྱེད་ལ་བོས་པ་ལས། ཁྱེད་ཀྱིས་ནམ་མཁའ་རུ་གསན་ཏེ། ཉིད་ཀྱི་ཐུགས་བརྩེ་བ་སྣ་ཚོགས་བཞིན་དུ་དེ་དག་དགྲ་བོའི་ལག་ནས་ཐར་འཇུག་པའི་སྐྱབས་བྱེད་མཁན་རྣམས་གནང་ངོ་། ༢༨ འོན་དེ་དག་ལ་སྐྱིད་པོ་འབྱུང་བ་ཙམ་གྱིས། སླར་ཡང་ཁྱེད་ཀྱི་དྲུང་དུ་མི་དགེ་བའི་ལས་བྱས་པས། ཁྱེད་ཀྱིས་དེ་དག་དགྲ་བོའི་ལག་ཏུ་བཏང་བཞག་ནས། དེ་ཚོའི་མངའ་འབངས་སུ་གྱུར་པ་ཡིན། དེ་ནས་ཀྱང་དེ་དག་སེམས་བསྒྱུར་ཏེ། ཁྱེད་ནས་སྐྱབས་ཞུ་བའི་ཚེ། ཁྱེད་ཀྱིས་ནམ་མཁའ་རུ་གསན་ཏེ། ཉིད་ཀྱི་ཐུགས་བརྩེ་བ་རྣམས་དང་བསྟུན་ནས། དེ་དག་ཡང་ནས་ཡང་དུ་ཐར་བཅུག་པ་ཡིན། ༢༩ ཡང་དེ་དག་ཁྱེད་ཀྱི་བཀའ་རྒྱའི་ཕྱོགས་སུ་སྒྱུར་བར་ཁྱེད་ཀྱིས་སྐུལ་རུང་། དེ་དག་གིས་ང་རྒྱལ་བྱེད་ཅིང་ཁྱེད་ཀྱི་བཀའ་སྩལ་དང་དུ་མ་བླངས་བར། སུས་སྲུང་ནའང་འཚོ་བར་འགྱུར་བའི་ཁྱེད་ཀྱི་བཀའ་ཁྲིམས་རྣམས་དང་འགལ་ནས་སྡིག་པ་བྱས། རང་གི་གཉའ་བ་མ་དགུར་བར་མཇིང་པ་གྱོང་པོ་བྱེད་ཅིང་ཉན་དུ་མ་འདོད་དོ། ༣༠ ད་དུང་ཡང་ཁྱེད་ཀྱིས་ལོ་མང་གི་བར་དུ་ཐུགས་བཟོད་མཛད་ཅིང་། ལུང་སྟོན་པ་རྣམས་རྒྱུད་དེ་ཉིད་ཀྱི་ཐུགས་ཉིད་ཀྱིས་དེ་དག་ལ་དཔང་ཕུད་ཀྱང་། དེ་དག་གི་རྣ་བ་མ་བཏུད་པས། ཁྱེད་ཀྱིས་དེ་དག་ཡུལ་སོ་སོའི་མིའི་ལག་ཏུ་བཏད་དོ། ༣༡ འོན་ཀྱང་ཁྱེད་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དེ་དག་ཡོངས་སུ་མེད་པར་ཡང་མ་མཛད་སྤངས་ནས་ཡང་མ་བཞག་གོ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ནི་ཐུགས་རྗེ་དང་བརྩེ་བ་དང་ལྡན་པའི་དཀོན་མཆོག་ལགས།
༣༢ དེ་བས་ན་ད་ཀྱེ་བདག་ཅག་གི་དཀོན་མཆོག ཞལ་བཞེས་དང་ཐུགས་བརྩེ་བ་མཛད་པའི་དཀོན་མཆོག་ཆེ་ལ་དབང་ལྡན་དང་འཇིགས་སུ་རུང་བ་ལགས། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱི་དུས་ནས་འདི་རིང་གི་བར་དུ་བདག་ཅག་དང་བདག་ཅག་གི་རྒྱལ་པོ་དང་སྐུ་དྲག་དང་། བླ་མ་དང་། ལུང་སྟོན་པ་དང་། མེས་པོ་དང་། ཉིད་ཀྱི་མི་བརྒྱུད་ཡོངས་ཀྱི་ཐོག་ཏུ་བབ་པའི་སྡུག་བསྔལ་དེ་ཚང་མ་ཁྱེད་ཀྱི་དྲུང་དུ་ཆུང་ངུར་རྩི་བར་མ་མཛད་ཅིག ༣༣ མདོར་ན་བདག་ཅག་ལ་ཕོག་པ་ཐམས་ཅད་ཀྱི་ནང་དུ་ཁྱེད་ཐུགས་དྲང་པོ་ལགས། ཁྱེད་ཀྱིས་རིགས་པ་དེ་མཛད། བདག་ཅག་གིས་མི་རིགས་པ་དེ་བྱས། ༣༤ བདག་ཅག་གི་རྒྱལ་པོ་དང་། སྐུ་དྲག་དང་། བླ་མ་དང་། ཕ་མེས་རྣམས་ཀྱིས་ཁྱེད་ཀྱི་བཀའ་ཁྲིམས་མ་བསྲུངས། ཁྱེད་ཀྱི་བཀའ་རྒྱ་ལ་མ་ཉན་པར་ཁྱེད་ཀྱིས་དེ་དག་ལ་དཔང་ཕུད་པའི་བསྐུལ་མ་རྣམས་ལ་མ་ཉན་ཏོ། ༣༥ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རང་གི་རྒྱལ་ཁམས་དང་། ཁྱེད་ཀྱིས་མཛད་པའི་བཀའ་ཁྲིམས་ཆེན་པོ་དང་། ཁྱེད་ཀྱིས་དེ་དག་ལ་གནང་བའི་ཡུལ་རྒྱ་ཆེན་པོ་དང་། སྐྱིད་པོའི་ནང་དུ་ཁྱེད་ལ་རིམ་གྲོ་ཡང་མ་བྱས། རང་གི་ལས་ངན་པ་རྣམས་ཀྱང་མ་སྤངས་སོ། ༣༦ གཟིགས་ཤིག བདག་ཅག་ནི་འདི་རིང་གཡོག་པོར་གྱུར་ཏེ། ཡང་ཁྱེད་ཀྱིས་བདག་ཅག་གི་ཕ་མེས་རྣམས་ལ། འབྲས་བུ་ལས་ཟ་ཞིང་ལོངས་སྤྱོད་དུ་གནང་བའི་ཡུལ་འདིའི་ནང་དུ་བདག་ཅག་བྲན་པོ་ཡིན་པ་ལ་གཟིགས་སུ་གསོལ་ལོ། ༣༧ བདག་ཅག་གི་སྡིག་པ་རྣམས་ཀྱི་རྐྱེན་བྱས་ཏེ། ཁྱེད་ཀྱིས་བདག་ཅག་ལ་སྲིད་བྱེད་དུ་བཞག་པའི་རྒྱལ་པོ་རྣམས་ལ་དེའི་ལོ་ཐོག་མང་པོ་བརྙེད་དེ། དེ་རྣམས་ཀྱིས་བདག་ཅག་གི་ལུས་དང་ཕྱུགས་གཉིས་པོ་ལ་གང་འདོད་བཞིན་དུ་འཁོལ་བས། བདག་ཅག་གི་སྡུག་བསྔལ་ཆེན་པོའི་ནང་དུ་བསླེབས་སོ༎
༣༨ བྱ་བ་འདི་ཐམས་ཅད་ཀྱི་ཕྱིར་ངེད་རྣམས་ཀྱིས་གན་རྒྱ་བརྟན་པོ་ཞིག་བྱེད་ཅིང་བྲིས་ནས། ངེད་རྣམས་ཀྱི་དྲག་རིགས་དང་། ལེ་ཝི་པ་རྣམས་དང་། བླ་མ་རྣམས་ཀྱིས་དེ་ལ་ཕྱག་རྒྱ་འདེབས་སོ་ཞེས་བྱས་སོ༎