༦
དེ་ནས་སན་བལ་ལད་དང་། ཏོ་བི་ཡཱ་དང་། ཨ་རཱབ་པ་གེ་ཤེམ་དང་། གཞན་དགྲ་བོ་ཀུན་གྱིས། ངས་ལྕགས་རི་བསྒྲུབ་ཚར་ནས། རྟ་སྒོ་རྣམས་ལ་སྒོ་མེད་ཀྱང་། བུག་པ་ཅིའམ་མ་ལུས་པ་ཐོས་པས། ༢ སན་བལ་ལད་དང་། གེ་ཤེམ་གྱིས་ང་ལ། ཨོ་ནོའི་ཐང་གི་ཡུལ་ཚོ་ཞིག་ཏུ་ངེད་འཛོམ་པའི་ཕྱིར་ཤོག་ཅིག་ལོན་བཏང་སྟེ། དེ་དག་གིས་ང་ལ་གནོད་སྐྱེལ་བའི་བསམ་པ་ཡོད་པ་ཡིན། ༣ ངས་དེ་དག་གི་རྩར་བང་ཆེན་བཏང་སྟེ། ང་ལ་ལས་ཀ་གལ་ཆེན་པོ་ཡོད་པས། ང་དེར་འོང་ལོང་མེད། ངས་ལས་ཀ་འདི་བཞག་ནས་ཁྱོད་ཅག་གི་རྩར་མར་འགྲོ་ཞིང་། ལས་བར་གཅོད་དུ་རུང་ངམ། ༤ དེ་རྣམས་ཀྱིས་དེ་བཞིན་དུ་ཡང་ལན་བཞི་ངའི་རྩར་བང་ཆེན་བཏང་ཡང་། ངས་སྔར་བཞིན་དུ་ལན་བཏབ་བོ། ༥ དེ་ནས་ལན་ལྔ་པར་སན་བལ་ལད་ཀྱིས་གོང་བཞིན་དུ་རང་གི་གཡོག་པོའི་ལག་ཏུ་ཡི་གེ་འཐུམ་མེད་པ་ཞིག་བཏང་བྱུང་། ༦ དེའི་ནང་དུ་ཁྱོད་དང་ཡ་ཧུ་དཱ་པ་རྣམས་ཀྱིས་ངོ་ལོག་བྱེད་པའི་བསམ་པ་བྱེད་ཅིང་། ཁྱོད་ཀྱིས་ལྕགས་རི་རྩིག་པའི་ལོ་ནི། ཕྱི་པ་རྣམས་ཀྱི་ཁྲོད་དུ་ཡོད་དེ། གེ་ཤེམ་གིས་ཀྱང་དེ་ལྟར་ཟེར་རོ། ཧུན་འདི་བཞིན་དུ། དེ་ནི་ཁྱོད་དེ་དག་གི་རྒྱལ་པོར་འགྱུར་བའི་དོན་དུ་ཡིན། ༧ ཡ་ཧུ་དཱ་རུ་རྒྱལ་པོ་ཞིག་ཡོད། ཅེས་སྒྲོག་པའི་ལུང་སྟོན་པ་རྣམས་ཡེ་རུ་ཤ་ལེམ་དུ་ཁྱོད་ཀྱིས་རང་གི་ཕྱིར་བཞག་པས། ད་གཏམ་འདི་དག་གི་འཕྲིན་རྒྱལ་པོས་ཐོས་པར་འགྱུར། དེ་བས་ན་ཤོག་དང་། ངེད་ལྷན་ཅིག་ཏུ་གྲོས་བྱའོ་ཞེས་བྲིས་ཡོད་པ་ཡིན། ༨ ངས་དེ་ལ། ཁྱོད་ཀྱིས་སྨྲས་པ་བཞིན་དུ་འདིར་ཅིའང་མ་བྱུང་། འདི་ནི་ཁྱོད་ཀྱིས་རང་གི་སྙིང་དུ་བསྒྲིགས་པའི་གཏམ་ཡིན་ནོ། ༩ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ངེད་རྣམས་འཇིགས་སུ་བཅུག་ནས་འདི་སྐད་དུ། དེ་རྣམས་ཀྱི་ལག་ཤེད་ཉམས་ཏེ། ལས་དེ་སྒྲུབ་པར་མི་འགྱུར་རོ་ཟེར་ཏོ། ད་ཀྱེ་དཀོན་མཆོག ངའི་ལག་པ་ལ་ཤེད་འཇུག་པར་མཛོད་ཅིག༡༠ དེའི་རྗེས་སུ་ང་མེ་ཧེ་ཏ་བེ་ཨེལ་གྱི་ཚ་བོ་འམ་དེ་ལ་ཡཱའི་བུ་ཤེ་མ་ཡཱའི་ཁང་པར་ཕྱིན་ཏེ། ཁོ་ནི་དེར་མཚམས་བཅད་ནས་ཡོད་པ་ཡིན། ཁོ་ན་རེ། ཤོག་དང་ངེད་གཉིས་དཀོན་མཆོག་གི་ཕོ་བྲང་དུ་མཆོད་ཁང་གི་ནང་དུ་འཛོམས་ཏེ། མཆོད་ཁང་གི་སྒོ་རྣམས་གཅད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཁྱེད་གསོད་པར་འོང་། མཚན་འདི་རང་ལ་ཁྱེད་གསོད་པར་འོང་ཞེས་སྨྲས་ཀྱང་། ༡༡ ངས་དེ་ལ། ང་འདྲ་བའི་མི་འབྲོས་པར་བྱེད་དམ། ང་འདྲ་བའི་མི་རང་སྲོག་སྐྱོབ་ཏུ་མཆོད་ཁང་ནང་འཛུལ་ལམ། ང་ནང་དུ་མི་འགྲོའོ་ཞེས་སྨྲས་སོ། ༡༢ ལྟོས་ཤིག ཡང་འདི་ནི་དཀོན་མཆོག་གིས་ང་མངགས་པ་ངས་བརྟགས་སོ། འོན་ཀྱང་ཏོ་བི་ཡཱ་དང་སན་བལ་ལད་ཀྱིས་དེ་ལ་རྔན་པ་བསྟེར་བས། དེས་ང་ལ་གནོད་པའི་ལུང་དེ་བསྟན་ཏོ། ༡༣ ང་འཇིགས་བཅུག་པའི་ཕྱིར་དེ་ལ་རྔན་པ་བསྟེར་རོ། ངས་དེ་ལྟར་བྱེད་དེ་སྡིག་པ་ཞིག་བྱ་ན། དེ་དག་གིས་ང་ལ་གཏམ་ངན་དང་ཚིག་ངན་ཟེར་བའི་བསམ་པ་ཡོད་པ་ཡིན། ༡༤ ཀྱེ་ངའི་དཀོན་མཆོག ཏོ་བི་ཡཱ་དང་སན་བལ་ལད་ཀྱི་ཐབས་འདི་དག་དང་། ལུང་སྟོན་མ་ནོ་ཨད་ཡཱ་དང་། ང་ཚབས་སུ་འཇུག་པར་འདོད་པའི་ལུང་སྟོན་པ་གཞན་རྣམས་ལ་ཐུགས་བསམ་མཛོད་ཅིག
༡༥ དེ་ནས་ལྕགས་རི་ཞག་ལྔ་བཅུ་ང་གཉིས་ནང་ཨེ་ལུད་ཟླ་བའི་ཚེས་ཉེར་ལྔ་པར་བསྒྲུབ་བོ། ༡༦ ཡང་ང་རྣམས་ཀྱི་དགྲ་བོ་ཀུན་གྱིས་ཧུན་དེ་ཐོས་པ་དང་། ཕྱོགས་བཞིར་ཡོད་པའི་ཕྱི་པ་ཚང་མས་དེ་མཐོང་ནས། རང་གི་མཐོང་སྣང་དུ་སྤོབས་པ་མེད་པར་གྱུར་ཏོ། ཅི་ལ་ཞེ་ན། དེ་དག་གིས། ལས་འདི་ངེད་ཀྱི་དཀོན་མཆོག་གིས་སྒྲུབ་ཏུ་བཅུག་པ་ཡིན་པར་ཤེས་སོ། ༡༧ ཡང་དེའི་དུས་སུ་ཡ་ཧུ་དཱའི་སྐུ་དྲག་ཚོས་ཏོ་བི་ཡཱ་ལ་ཡི་གེ་མང་པོ་བསྐུར་ཏེ། དེ་དག་ལ་ཡང་ཏོ་བི་ཡཱའི་ཡི་གེ་རྣམས་བསླེབས་སོ། ༡༨ ཡ་ཧུ་དཱ་ཡུལ་ན་མི་མང་པོས་དེའི་ཕྱོགས་བྱས་སོ། དེ་ཅིའི་ཕྱིར་ཞེ་ན། ཁོ་ནི་ཨ་རཱའི་བུ་ཤེ་ཀན་ཡཱའི་མག་པ་སྟེ། ཁོའི་བུ་ཡོ་ཧ་ནན་གྱིས་ཀྱང་བེ་རེག་ཡཱའི་བུ་མེ་ཤུལ་ལམ་གྱི་བུ་མོ་བག་མར་བླངས་ཡོད་པའི་ཕྱིར་རོ། ༡༩ ཡང་དེ་དག་གིས་ངའི་མདུན་དུ་དེའི་ལས་བཟང་གི་གཏམ་བྱས་ཏེ། ངའི་གཏམ་རྣམས་ཀྱང་དེ་ལ་བཤད་དོ། ཡང་ཏོ་བི་ཡཱས་ང་ལ་འཇིགས་སྣང་བསྐུལ་བའི་ཡི་གེ་རེ་བསྐུར་བྱུང་ངོ་༎