དེ་ནས་མི་སྡེ་དང་དེ་དག་གི་ཆུང་མ་རྣམས་ཀྱིས་རང་གི་སྤུན་ཡ་ཧུ་དཱ་པ་རྣམས་ཀྱི་ཕྱིར་འོ་དོད་དྲག་པོ་བཏོན་ཏེ།  ལ་ལས་ནི་ངེད་རང་དང་བུ་དང་བུ་མོ་རྣམས་མང་པོ་ཡོད་པས། ཟ་ཞིང་གསོན་པོར་ལུས་པའི་ཕྱིར་འབྲུ་ལེན་དགོས་འབྱུང་ངོ་ཟེར།  ལ་ལས་ཟས་དཀོན་སྟབས་ཀྱིས་འབྲུ་ཉོ་བའི་ཕྱིར་རང་གི་ཞིང་དང་། རྒུན་ཚལ་དང་། ཁང་པ་རྣམས་གཏའ་མར་བཞག་པ་ཡིན་ཟེར།  ལ་ལས་རྒྱལ་པོའི་དཔྱ་ཁྲལ་ཕྱིར་དངུལ་བསྐྱིས་ཏེ། རང་གི་ཞིང་དང་། རྒུན་ཚལ་རྣམས་གཏའ་མར་བཞག་པ་ཡིན།  ངེད་ཀྱི་སྤུན་གྱི་ཤ་དང་ངེད་རང་གི་ཤ་འདྲ་བ་ཡིན་མོད། ངེད་ཀྱི་ཕྲུ་གུ་དེ་ཚོའི་ཕྲུ་གུ་དང་འདྲ་བ་ཡིན་ནའང་། ལྟོས་དང་། ངེད་ཀྱིས་རང་གི་བུ་དང་བུ་མོ་རྣམས་གཡོག་པོར་བཏང་སྟེ། དེ་དག་ལས་བུ་མོ་འགའ་ཞིག་གི་གཉའ་ཡལ་ཟིན་པས། ངེད་ཀྱི་ཞིང་དང་རྒུན་ཚལ་མི་གཞན་ལག་ཡོད་དེ། དེ་དག་བླུ་བའི་སྟོབས་ངེད་ལ་མེད་ཅེས་ཟེར་བྱུང་ངོ་༎
 ངས་དེ་དག་གི་འོ་དོད་དང་གཏམ་འདི་རྣམས་ཐོས་པ་ཙམ་གྱིས་ཤིན་ཏུ་ཁྲོས།  དེ་ནས་ངས་བསམ་མནོ་བཏང་ནས། སྐུ་དྲག་དང་སྡེ་དཔོན་རྣམས་ལ་འཛིང་ཞིང་། ཁྱོད་ཅག་གིས་རང་གི་སྤུན་རྣམས་ནས་སྐྱེད་ལེན་ནོ་ཞེས་ཟེར་ཏེ། ངས་མི་ཚོགས་ཆེན་པོ་ཞིག་དེ་དག་གི་མདུན་དུ་བསྡུས་སོ།  དེ་ནས་ངས་དེ་རྣམས་ལ་ཡང་། ངེད་ཀྱིས་རང་གི་ནུས་པ་བཞིན་དུ་རང་གི་སྤུན་ཡ་ཧུ་དཱ་པ་ཕྱི་པ་རྣམས་ལ་བཙོངས་པ་རྣམས་ཐར་བཅུག་པ་ཡིན། ཁྱོད་ཅག་གིས་རང་གི་སྤུན་རྣམས་འཚོང་བར་བྱའམ། དེ་དག་ངེད་ལ་འཚོང་བར་བྱའམ་ཞེས་དྲིས་པས། དེ་རྣམས་ཁ་རོག་བསྡད་ཅིང་ལན་ཅིའང་འདེབས་མ་ནུས་སོ།  སླར་ཡང་ངས་དེ་ཚོ་ལ། ཁྱོད་ཅག་གིས་བྱེད་པ་འདི་ལེགས་པ་མ་ཡིན། ང་ཚོའི་དགྲ་བོ་ཕྱི་པ་རྣམས་ཀྱི་གཏམ་ངན་མི་འབྱུང་བའི་ཕྱིར། ཁྱོད་ཅག་ངེད་ཀྱི་དཀོན་མཆོག་གི་འཇིགས་པའི་ནང་དུ་འགྲུལ་བར་མི་རུང་ངམ། ༡༠ ང་དང་ངའི་སྤུན་དང་ངའི་གཡོག་པོ་རྣམས་ཀྱིས་ཀྱང་དེ་དག་ལ་དངུལ་དང་འབྲུ་བུན་དུ་གཏོང་ཡང་། ངེད་ཅག་གིས་སྐྱེད་ལེན་པ་འདི་སྤོང་བའི་ཕྱིར་ངས་ཁྱོད་ཚོར་ཞུ་བ་འབུལ་ལོ། ༡༡ དེ་རིང་རང་དེ་དག་ལ་དེ་དག་གི་ཞིང་དང་རྒུན་ཚལ་དང་ཁ་སྐྱུར་པོའི་ཚལ་དང་ཁང་པ་དང་། ཁྱོད་ཅག་གིས་དེ་དག་ནས་བླངས་པའི་དངུལ་དང་འབྲུ་དང་རྒུན་ཆང་དང་འབྲུ་མར་གྱི་བརྒྱ་ཁག་ཕྱིར་ལོག་སྤྲོད་ཅིག་ཅེས་བསྐུལ་ཏོ། ༡༢ དེ་ནས་དེ་རྣམས་ཀྱིས། ངེད་ཀྱིས་དེ་དག་ཕྱིར་ལོག་སྦྱིན་པར་བྱ། ཁྱེད་ཀྱིས་སྨྲས་པ་བཞིན་དུ་བྱེད་ཅིང་། དེ་རྣམས་ནས་ཅིའང་མི་རྩོད་ཅེས་སྨྲས་པས། ངས་བླ་མ་རྣམས་བོས་ཤིང་། ཆད་དོན་འདི་བཞིན་དུ་བྱེད་པའི་མནའ་དེ་དག་ལ་སྐྱེལ་དུ་བཅུག་གོ། ༡༣ དེས་མ་ཟད་པར་ངས་རང་གི་ཐུ་བ་སྤྲུག་ནས་དེ་དག་ལ། དེ་བཞིན་དུ་དཀོན་མཆོག་གིས་ཆད་དོན་འདི་ལས་འགལ་བའི་མི་རེ་རེ་རང་གི་ཁང་པ་དང་ལས་ཀ་ལས་སྤྲུག་པར་མཛོད་ཅིག འདི་ལྟར་དུ་སྤྲུགས་ཏེ་སྟོངས་པར་གྱུར་ཅིག་ཅེས་སྨྲས་པས། མི་ཚོགས་ཐམས་ཅད་ཀྱིས་ཨ་མེན་ཞེས་བརྗོད་ནས། ཡ་ཧོ་ཝཱ་ལ་སྟོད་བསྔགས་ནས། མི་རྣམས་ཀྱིས་ཆད་དོན་དེ་བཞིན་དུ་བགྱིས་སོ༎
༡༤ དེའང་ང་ཡ་ཧུ་དཱ་ཡུལ་དུ་དེ་དག་གི་སྡེ་དཔོན་དུ་གྱུར་པའི་དུས་ནས་བཟུང་། རྒྱལ་པོ་ཨར་ཐག་ཤས་ཐཱས་སྲིད་བྱེད་པའི་ལོ་ཉི་ཤུ་པ་ནས་ལོ་སུམ་ཅུ་སོ་གཉིས་པའི་བར་དུའམ། ལོ་བཅུ་གཉིས་ཀྱི་རིང་དུ། ང་དང་ངའི་སྤུན་རྣམས་ཀྱིས་སྡེ་དཔོན་གྱི་ཟ་ཐང་ལས་མ་ཟོས་པ་ཡིན། ༡༥ ངའི་སྔོན་དུ་ཡོད་པའི་སྡེ་དཔོན་རྣམས་ཀྱིས་འབངས་ནས་བསྡུ་ལེན་བྱེད་ཆོག་སྟེ། དངུལ་གྱི་ཤེ་ཀེལ་བཞི་བཅུའི་ཁར་འབྲུ་དང་རྒུན་ཆང་ཡང་བླངས་ཏེ། དེ་དག་གི་གཡོག་པོ་རྣམས་ཀྱིས་ཀྱང་མི་རྣམས་ལ་དབང་བྱས་སོ། ང་ནི་དཀོན་མཆོག་ལ་འཇིགས་པས་དེ་ལྟར་མ་བྱས་སོ། ༡༦ ཡང་ང་ལྕགས་རིའི་ལས་བྱེད་ཀྱིན་བསྡད་དེ། ཞིང་ཡང་མ་ཉོས་ཤིང་། ངའི་གཡོག་པོ་ཐམས་ཅད་ཀྱང་མཁར་ལས་ལ་འཛོམས་སོ། ༡༧ ད་དུང་ཡང་། ངེད་ཀྱི་ཉེ་འཁོར་གྱི་ཕྱི་པའི་ཁྲོད་ནས་འོང་བའི་མི་རྣམས་མ་ཐེ་བར་ངའི་ལྕོག་ཙེ་ལས་ཟ་བའི་ཡ་ཧུ་དཱ་པ་དང་མི་དཔོན་བཅས་བརྒྱ་དང་ལྔ་བཅུ་ཡོད་པ་ཡིན། ༡༨ དེའང་ངའི་ཕྱིར་ཞག་ལྟར་གླང་གཅིག་དང་སོས་ལུག་དྲུག་དང་བྱ་མོ་རྣམས་བཤམས་ཤིང་། ཞག་བཅུ་བར་ལ་རྒུན་ཆང་གི་རིགས་ཀུན་ཡང་སྦྱར་གྱིས། མི་སྡེ་ལ་ཁྲལ་གྱི་ལྗིད་ཆེ་བས། ངས་དེ་དག་ལས་སྡེ་དཔོན་གྱི་ཟ་སྐལ་མ་བླངས་སོ། ༡༩ ཀྱེ་ངའི་དཀོན་མཆོག བདག་གིས་མི་འདི་རྣམས་ཀྱི་དོན་ལ་གང་བྱས་པ་ཐམས་ཅད་དང་བསྟུན་ཏེ། ཁྱེད་ཀྱིས་ཀྱང་བདག་གི་ཐུགས་ལ་འདོགས་སུ་གསོལ་ལོ༎