༤
དེ་ནས་ངེད་རྣམས་ཀྱིས་ལྕགས་རི་དེ་བརྩིགས་པའི་གཏམ་སན་བལ་ལད་ཀྱིས་ཐོས་པ་ཙམ་གྱིས། ཁྲོས་ཤིང་ཤིན་ཏུ་ངར་ངར་བྱེད་དེ་ཡ་ཧུ་དཱ་པ་རྣམས་ལ་ཕྱས་སོ། ༢ དེས་རང་གི་སྤུན་དང་ས་མར་ཡཱ་པའི་དམག་དཔུང་གི་མདུན་དུ། ཡ་ཧུ་དཱ་པ་རྒུད་པོ་འདི་རྣམས་ཀྱིས་བྱེད་ཅི་བྱེད། དེ་དག་གིས་རྫོང་རྩིག་པར་འགྱུར་རམ། དེ་དག་གིས་མཆོད་པ་དབུལ་ལམ། མེས་ཚིག་པའི་རྡོ་ཕུང་འདིའི་རྡོ་རྣམས་ལ་དབུགས་འཇུག་པར་འགྱུར་རམ་ཞེས་སྨྲས་པའི་ལན་དུ། ༣ དེ་མཉམ་ཡོད་པའི་ཨམ་མོན་པ་ཏོ་བི་ཡཱས་ཀྱང་། རྩིག་ཏུ་ཆུག་དང་། དེ་དག་གིས་བརྩིག་པའི་ལྕགས་རིའི་སྟེང་དུ་ཝ་མོ་ཞིག་འཛེག་ནའང་། རྡོ་རྩིག་དེ་རློག་པར་བྱ་ཞེས་སྨྲས་སོ། ༤ ཀྱེ་ངེད་ཀྱི་དཀོན་མཆོག་ངེད་བརྙས་པར་གྱུར་པས་གསན་དུ་གསོལ། དེ་དག་གི་འཕྱ་བ་ནི་དེ་དག་རང་གི་མགོར་ཕོབ་ལ། གཞན་ཡུལ་དུ་བཟུང་ཁྱེར་ཏེ་གཞོམ་དུ་ཆུག ༥ དེ་དག་གིས་རྩིག་མཁན་རྣམས་ཀྱི་མདུན་དུ་ཁྱེད་ཁྲོས་པར་བྱས་པས། དེ་དག་གི་སྡིག་པ་མ་སྦེད་པར། ཁྱེད་སྤྱན་སྔ་ལས་དེ་དག་གི་སྡིག་པ་སེལ་བར་མ་མཛད་ཅིག་ཞེས་ཞུས་པ་ཡིན།༦ དེ་ལྟར་ངེད་རྣམས་ཀྱིས་ལྕགས་རི་དེ་བརྩིགས་ཏེ་ལྕགས་རི་ཐམས་ཅད་འཐུད་དོ། དེ་ཅིའི་ཕྱིར་ཞེ་ན། མི་རྣམས་ལ་ལས་ཀ་བྱེད་པའི་སྙིང་ཡོད་པའི་ཕྱིར་རོ༎
༧ འོན་ཀྱང་སན་བལ་ལད་དང་། ཏོ་བི་ཡཱ་དང་། ཨ་རཱབ་པ་དང་། ཨམ་མོན་པ་དང་། ཨས་དོད་པ་རྣམས་ཀྱིས་ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྩིག་གིན། བཞིག་པ་རྣམས་གསོ་བར་བརྩམས་པའི་ཧུན་ཐོས་ནས། ཤིན་ཏུ་ཁྲོས་ཏེ། ༨ ཡེ་རུ་ཤ་ལེམ་ལ་འཐབ་པ་དང་། ལས་ཀ་དེ་འགེགས་པའི་ཕྱིར་ཐམས་ཅད་ཀྱིས་ཁ་འཆམ་བྱས་པ་ཡིན། ༩ དེར་ངེད་རྣམས་ཀྱིས་རང་གི་དཀོན་མཆོག་ལ་གསོལ་བ་བཏབ་ནས། ཉིན་མཚན་མེད་པར་དེ་དག་གི་ཕྱིར་སོ་པ་བཞག་གོ།
༡༠ ཡང་ཡ་ཧུ་དཱ་པ་རྣམས་ཀྱིས། ཁལ་འཁུར་མཁན་རྣམས་ཀྱི་ཤེད་ཟད། རྡོ་རུལ་ནི་མང་བས། ངེད་རྣམས་ཀྱིས་ལྕགས་རི་རྩིག་མི་ནུས་ཟེར་ཏོ། ༡༡ ཡང་ངེད་ཀྱི་དགྲ་རྣམས་ཀྱིས། ངེད་དེ་རྣམས་ཀྱི་དཀྱིལ་དུ་ཕྱིན་ཏེ། དེ་དག་བསད་ནས་ལས་ཀ་དེ་འགེགས་པའི་བར་དུ་དེ་དག་གིས་ཤེས་ཀྱང་མི་ཤེས། མཐོང་ཡང་མི་མཐོང་ཞེས་སྙམ་མོ། ༡༢ ཡང་དེ་རྣམས་དང་ཉེ་བར་གནས་པའི་ཡ་ཧུ་དཱ་པ་གནས་སོ་སོ་ནས་ང་ཚོའི་མདུན་དུ་འོངས་མཁན་རྣམས་ཀྱིས། ཁྱོད་རྣམས་ང་ཚོའི་རྩར་ཕྱིར་ལོག་ཡོང་དགོས་ཞེས་པའི་གཏམ་དེ་ལན་བཅུ་ངེད་ལ་བཤད་བྱུང་། ༡༣ དེའི་ཕྱིར་ངས་ལྕགས་རིའི་རྒྱབ་ཀྱི་གནས་དམའ་བ་དང་མཐོ་བ་རྣམས་སུ་མི་རྣམས་ལ་རལ་གྲི་དང་མདུང་དང་མདའ་གཞུ་བཀལ་ནས། རང་རང་གི་རིགས་བརྒྱུད་བཞིན་དུ་བཞག་པ་ཡིན། ༡༤ ཡང་ངས་བལྟས་ཤིང་ལངས་ཏེ། གྲོས་མི་དང་། སྡེ་དཔོན་དང་། མི་གཞན་རྣམས་ལ། དེ་དག་ལ་མ་འཇིགས་ཤིག ཡ་ཧོ་ཝཱ་ནི་ཆེན་པོ་དང་འཇིགས་སུ་རུང་བ་ལགས་པ་དེ་དྲན་ནས། རང་གི་སྤུན་དང་བུ་དང་བུ་མོ་དང་ཆུང་མ་དང་ཁང་པ་རྣམས་ཀྱི་ཆེད་དུ་འཐབ་ཅིག་ཅེས་སྨྲས་པ་ཡིན།
༡༥ དེ་ནས་ངེད་ཀྱི་དགྲ་རྣམས་ཀྱིས་བྱ་བ་དེའི་ཆ་ང་རྣམས་ལ་སོང་ཡོད་པ་དང་། དཀོན་མཆོག་གིས་དེ་དག་རང་གི་གྲོས་བཤིག་པ་ཐོས་པའི་ཚེ། ང་རྣམས་རང་རང་གི་ལས་སུ་ལྕགས་རིའི་རྩར་ཕྱིར་ལོག་གོ། ༡༦ ཡང་དེ་ནས་ཕྱིན་དུ་ངའི་གཡོག་པོ་ཕྱེད་ཀྱིས་ལས་བྱས་ཏེ། ཕྱེད་ཀྱིས་མདུང་དང་། ཕུབ་དང་གཞུ་འཁུར་ཞིང་གོ་ཁྲབ་གྱོན་ཏེ་བསྡད་དོ། ཡ་ཧུ་དཱའི་མི་རྣམས་ཀྱི་རྒྱབ་རྟེན་དུ་སྡེ་དཔོན་རྣམས་ཡོད་པ་ཡིན། ༡༧ ལྕགས་རི་རྩིག་མཁན་དང་། ཁུར་པོ་འཁུར་མཁན་ཐམས་ཅད་ཀྱིས་ལག་ཡ་གཅིག་གིས་ལས་བྱས། ལག་ཡ་གཅིག་ཏུ་མཚོན་ཆ་ཐོགས་ཡོད་པ་ཡིན། ༡༨ རྩིག་མཁན་རེ་རེས་ཀྱང་རལ་གྲི་རྐེད་པར་བཏགས་ཏེ་བརྩིགས་སོ། ཡང་དུང་འབུད་མཁན་དེ་ངའི་རྩར་ཡོད་པ་ཡིན། ༡༩ དེར་ངས་སྐུ་དྲག་དང་། སྡེ་དཔོན་དང་། མི་བྱིངས་ཐམས་ཅད་ལ། ལས་འདི་རྒྱ་ཆེ་ཞིང་མང་བ་ཡོད་དེ། ངེད་ལྕགས་རིའི་སྟེང་དུ་སོ་སོར་ཡན་ཏེ། གཅིག་དང་གཅིག་ཐག་རིང་བས། ༢༠ དུང་གི་སྒྲ་གར་ཐོས་ནའང་། ཁྱོད་ཅག་ངེད་ཀྱི་རྩར་ཤོག་དང་། ངེད་ཀྱི་དཀོན་མཆོག་གིས་ངེད་ཀྱི་དོན་དུ་འཐབ་པར་བགྱིའོ་ཞེས་སྨྲས་པ་ཡིན།
༢༡ འདི་ལྟར་དུ་ངེད་ཀྱིས་མཁར་ལས་བྱས། དེ་དག་ལས་ཕྱེད་ཀྱིས་ནམ་ལངས་པ་ནས་སྐར་མ་འཆར་བའི་བར་དུ་མདུང་ཐོགས་ཤིང་བསྡད་དོ། ༢༢ དུས་དེ་ཉིད་དུ་ངས་མི་རྣམས་ལ། མཚན་མོར་ངེད་ཀྱི་མེལ་ཚེ་བྱེད་པ་དང་། ཉིན་མོར་ལས་བྱེད་པའི་ཕྱིར་མི་རེ་རེ་རང་གི་གཡོག་པོ་རྣམས་དང་བཅས་ཡེ་རུ་ཤ་ལེམ་གྱི་ནང་དུ་སྡོད་ཅིག་ཅེས་བསྒོའོ། ༢༣ དེ་ལྟར་ང་རང་དང་། ངའི་སྤུན་དང་གཡོག་པོ་དང་། ང་དང་མཉམ་དུ་ཡོད་པའི་སྲུང་མཁན་སུས་ཀྱང་གོས་འཁྲུད་པའི་དུས་སུ་མ་གཏོགས་པར་རང་གི་གོས་མ་ཕུད་པ་ཡིན་ནོ༎