༧
ཡང་བྱ་བ་དེ་དག་གི་རྗེས་སུ། ཏ་ཟིག་གི་རྒྱལ་པོ་ཨར་ཐག་ཤས་ཐཱས་སྲིད་བྱེད་པའི་དུས་སུ། ཨེས་རཱ་བྱ་བའི་མི་བཱ་བེལ་ནས་འོངས་སོ། ཨེས་རཱ་ནི་སེ་ར་ཡཱའི་བུ། དེ་ནི་ཨ་ཟར་ཡཱའི་བུ། དེ་ནི་ཧིལ་ཀི་ཡཱའི་བུ། ༢ དེ་ནི་ཤལ་ལུམ་གྱི་བུ། དེ་ནི་ཙ་དོག་གི་བུ། དེ་ནི་ཨ་ཧི་ཏུབ་ཀྱི་བུ། ༣ དེ་ནི་ཨ་མར་ཡཱའི་བུ། དེ་ནི་ཨ་ཟར་ཡཱའི་བུ། དེ་ནི་མེ་ར་ཡོད་ཀྱི་བུ། ༤ དེ་ནི་ཟེ་རཱ་ཡཱའི་བུ། དེ་ནི་ཨུ་ཟིའི་བུ། དེ་ནི་བུག་ཀིའི་བུ། ༥ དེ་ནི་ཨ་བི་ཤུ་ཨའི་བུ། དེ་ནི་ཕི་ནེ་ཧས་ཀྱི་བུ། དེ་ནི་ཨེལ་ཨ་ཟར་གྱི་བུ། དེ་ནི་བླ་མ་ཆེན་པོ་ཨ་རོན་གྱི་བུའོ། ༦ ཨེས་རཱ་འདི་ནི་བཱ་བེལ་ནས་ཕྱིན་ཏེ། ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ལ་སྦྱངས་ཤིང་མཁས་པ་ཡོད་པ་ཡིན། ཡང་ཡ་ཧོ་ཝཱ་ཁོའི་དཀོན་མཆོག་གི་ཕྱག་ཁོའི་སྟེང་དུ་ཡོད་པས། རྒྱལ་པོས་དེའི་ཞུ་བ་ཐམས་ཅད་ལ་གསན་ཏོ༎༧ ཡང་རྒྱལ་པོ་ཨར་ཐག་ཤས་ཐཱས་སྲིད་བྱེད་པའི་ལོ་བདུན་པར། ཨིས་ར་ཨེལ་གྱི་བུ་རྣམས་ནས་མི་མང་པོ་དང་། བླ་མ་དང་། ལེ་ཝི་པ་དང་། མགུར་ལེན་མཁན་དང་། སྒོ་སྲུང་པ་དང་། ནེ་ཐི་ནིམ་པ་རྣམས་ཀྱི་ནང་ནས་མི་མང་པོ་ཡེ་རུ་ཤ་ལེམ་དུ་ཡར་འོངས་སོ། ༨ ཡང་རྒྱལ་པོ་དེའི་ལོ་བདུན་པའི་ཟླ་བ་ལྔ་པའི་ནང་དུ་ཁོང་ཡེ་རུ་ཤ་ལེམ་དུ་ཕྱིན་ཏོ། ༩ དེ་ནི་ཟླ་བ་དང་པོའི་ཚེས་དང་པོར་བཱ་བེལ་ནས་ཐོན་ཏེ་ཕྱིན་པ་ལས། ཡ་ཧོ་ཝཱ་དཀོན་མཆོག་གི་ཕྱག་ཁོའི་སྟེང་དུ་ཡོད་པས། ཟླ་བ་ལྔ་པའི་ཚེས་དང་པོར་ཡེ་རུ་ཤ་ལེམ་དུ་བསླེབས་སོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཨེས་རཱ་ཡིས་ཡ་ཧོ་ཝཱའི་བཀའ་ཁྲིམས་འཚོལ་བ་དང་། དེ་བཞིན་དུ་བྱེད་པ་དང་། ཨིས་ར་ཨེལ་པའི་དཀྱིལ་དུ་བཀའ་ཁྲིམས་དང་བཀའ་རྒྱ་རྣམས་སྟོན་དུ་རང་གི་སྙིང་དཀོན་མཆོག་ལ་ཕུལ་ཏོ༎
༡༡ ད་བླ་མ། ཆོས་ལ་མཁས་པ། ཡ་ཧོ་ཝཱའི་གསུང་དང་། ཨིས་ར་ཨེལ་ལ་གནང་བའི་བཀའ་ཁྲིམས་ལ་སྦྱངས་མཁན་གྱི་ཨེས་རཱ་བྱ་བ་ལ་རྒྱལ་པོ་ཨར་ཐག་ཤས་ཐཱས་གནང་བའི་ཡི་གེའི་འདྲ་བཤུས་འདི་ཡིན། ༡༢ རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ཨར་ཐག་ཤས་ཐཱས། ནམ་མཁའི་དཀོན་མཆོག་གི་བཀའ་ཁྲིམས་སྦྱངས་མཁན་གྱི་བླ་མ་ཨེས་རཱ་ལ། ཡང་དག་པའི་ཞི་བདེ། ལ་སོགས་དང་། ༡༣ ངའི་བཀའ་ནི། ངའི་རྒྱལ་ཁམས་ན་ཡོད་པའི་ཨིས་ར་ཨེལ་པ་དང་། དེ་རྣམས་ཀྱི་བླ་མ་དང་ལེ་ཝི་པ་རྣམས་ལས། ཡེ་རུ་ཤ་ལེམ་དུ་རང་འཐད་ཀྱིས་འགྲོ་བར་འདོད་པ་ཐམས་ཅད་ནི་ཁྱེད་དང་མཉམ་དུ་འགྲོ་ཆོག ༡༤ ཁྱེད་ནི་རྒྱལ་པོ་དང་ཁོང་གི་གྲོས་མི་བདུན་གྱི་ཕྱོགས་ནས་དེར་གཏོང་བས་ན། ཁྱེད་ཀྱི་ལག་ཏུ་ཡོད་པའི་རང་གི་དཀོན་མཆོག་གི་བཀའ་བཞིན་དུ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་གནས་ཚུལ་རྩད་གཅོད་གྱིས་ཤིག ༡༥ རྒྱལ་པོ་དང་། ཁོང་གི་གྲོས་མི་རྣམས་ཀྱིས་ཨིས་ར་ཨེལ་གྱི་དཀོན་མཆོག་ཡེ་རུ་ཤ་ལེམ་དུ་བཞུགས་པ་ལ་དགའ་ཞིང་ཕུལ་བའི་དངུལ་དང་གསེར་ཡང་ཁྱེད་ཀྱིས་འཁྱེར་དགོས། ༡༦ དེ་མ་ཟད། བཱ་བེལ་གྱི་སྡེ་ཐམས་ཅད་ནས་ཁྱེད་ཀྱིས་བསྡུ་ཐུབ་པའི་དངུལ་དང་གསེར་དང་། མི་རྣམས་དང་བླ་མ་རྣམས་ཀྱིས་རང་གི་དཀོན་མཆོག་གི་ཕོ་བྲང་ཡེ་རུ་ཤ་ལེམ་ན་ཡོད་པའི་ཆེད་དུ་དགའ་ཞིང་འབུལ་བའི་སྦྱིན་པ་རྣམས་ཀྱང་འཁྱེར་དགོས། ༡༧ ཁྱེད་ཀྱིས་དངུལ་འདི་ལས་མྱུར་དུ་གླང་དང་ལུག་ཐུག་དང་ལུ་གུ་དང་། དེ་དག་ལ་དགོས་པའི་ཞལ་ཟས་དང་གསེར་སྐྱེམས་ཉོས་ནས། དེ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཁྱེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་མཆོད་ཁྲིའི་སྟེང་ལ་ཕུལ་ཞིག ༡༨ ཡང་དངུལ་དང་གསེར་གྱི་ལྷག་མ་དེ་ནི། རང་གི་དཀོན་མཆོག་གི་དགོངས་པ་བཞིན་དུ། ཁྱེད་དང་ཁྱེད་ཀྱི་སྤུན་རྣམས་ཀྱིས་གང་ལེགས་གྱིས་ཤིག ༡༩ ཡང་ཁྱེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་ཞབས་ཏོག་གི་དོན་དུ་བྱིན་པའི་སྣོད་རྣམས་ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་གི་དྲུང་དུ་སྤྲོད་ཅིག ༢༠ ད་རུང་ཅི་ཞིག་ཁྱེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་དོན་དུ་ལྷག་པར་དགོས་ན། ཁྱེད་ལ་འབུལ་དགོས་འབྱུང་ན། རྒྱལ་པོའི་གཏེར་མཛོད་ནས་ཕུལ་ཞིག
༢༡ ང་རྒྱལ་པོ་ཨར་ཐག་ཤས་ཐཱས་གཙང་པོའི་ཕ་རོལ་གྱི་ཕྱག་མཛོད་ཐམས་ཅད་ལ་བཀའ་འདི་གནང་བ་ཡིན། ནམ་མཁའི་དཀོན་མཆོག་གི་བཀའ་ཁྲིམས་ལ་མཁས་པའི་བླ་མ་ཨེས་རཱ་དེས་ཁྱོད་ཅག་ལ་ཅི་ཞིག་གསུང་ན། མྱུར་དུ་བྱོས་ཤིག ༢༢ དངུལ་གྱི་རྡོ་ཚད་བརྒྱ། གྲོ་ཁལ་བརྒྱ། རྒུན་ཆང་བད་བརྒྱ། འབྲུ་མར་བད་བརྒྱ་བར་དུ། ཚྭ་ཙམ་དགོས་ཁོང་ལ་འབུལ་དགོས། ༢༣ ནམ་མཁའི་དཀོན་མཆོག་གིས་བཀའ་ཅི་གནང་བ་དེ། ནམ་མཁའི་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་ཧུར་པོ་བྱེད་དགོས། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་དང་དེའི་སྲས་རྣམས་ཀྱི་རྒྱལ་ཁམས་ལ་ཐུགས་ཁྲོ་བ་མི་འབྱུང་བའི་ཕྱིར་རོ། ༢༤ གཞན་ཡང་ངས་ཁྱོད་ཚོ་ལ་བཀའ་འདི་གནང་། བླ་མ་དང་། ལེ་ཝི་པ་དང་། མགུར་ལེན་མཁན་དང་། སྒོ་པ་དང་། ནེ་ཐི་ནིམ་པ་དང་། དཀོན་མཆོག་གི་ཕོ་བྲང་འདིའི་ཞབས་ཏོག་པ་རྣམས་ནས། དཔྱའམ། ཁྲལ་ལམ། ཤོ་གམ་ལེན་མི་ཆོག
༢༥ ད་ཁྱེད་ཨེས་རཱ། རང་གི་དཀོན་མཆོག་གིས་གནང་བའི་ཤེས་རབ་བཞིན་དུ། གཙང་པོའི་ཕ་རོལ་དུ་གནས་པའི་མི་རྣམས་ལ་ཞལ་ཆེ་གཅོད་པའི་ཕྱིར། ཁྱེད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་ཤེས་པའི་སྡེ་དཔོན་དང་ཁྲིམས་དཔོན་སྐོས་ཤིག ཡང་བཀའ་ཁྲིམས་མི་ཤེས་པ་རྣམས་ལ་སློབས་ཤིག ༢༦ གལ་ཏེ་སུ་ཞིག་གིས་ཁྱེད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་དང་། རྒྱལ་པོའི་བཀའ་ཁྲིམས་མ་སྲུང་ན། དེ་ལ་གསོད་པའམ། སྐྲོད་པའམ། ནོར་འཛིན་པའམ། བཙོན་དུ་འཇུག་པའི་ཁྲིམས་ཕྲལ་དུ་གཅོད་པར་དགོས་ཞེས་བྲིས་ཡོད་པ་ཡིན།
༢༧ ངེད་ཀྱི་ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ཡེ་རུ་ཤ་ལེམ་ན་བཞུགས་པ་ལ་བཀྲ་ཤིས་ཤོག ཡ་ཧོ་ཝཱའི་ཕོ་བྲང་མཛེས་པར་བྱེད་པའི་བསམ་པ་ཁོང་གིས་རྒྱལ་པོའི་སྙིང་དུ་བཅུག་པ་ཡིན། ༢༨ ཁོང་གིས་རྒྱལ་པོ་དང་། དེའི་གྲོས་མི་དང་། རྒྱལ་པོའི་དྲག་རིགས་སྟོབས་ཅན་ཐམས་ཅད་ཀྱི་མདུན་དུ་བདག་ལ་ཐུགས་རྗེས་བསྐྱངས་སོ། བདག་གི་དཀོན་མཆོག་ཡ་ཧོ་ཝཱའི་སྤྱན་ནི་བདག་གི་སྟེང་དུ་ཡོད་པས། བདག་ཤེད་ཅན་དུ་གྱུར་ནས། ཨིས་ར་ཨེལ་གྱི་དཔོན་པོ་ཁ་ཅིག་ང་དང་མཉམ་དུ་འགྲོ་བའི་ཕྱིར་བསྡུས་པ་ཡིན་ནོ༎