དེར་རྒྱལ་པོ་དར་ཡཱས། བཱ་བེལ་གྱི་གཏེར་མཛོད་ཀྱི་ཐོ་འཇོག་པའི་ཁང་པའི་ནང་རྩད་གཅོད་གྱིས་ཤིག་ཅེས་པའི་བཀའ་གནང་བས།  མ་དཱ་ཨི་ཡུལ་གྱི་མཁར་ཨག་མེ་ཐཱའི་ནང་དུ་ཤོག་བསྒྲིལ་ཞིག་བརྙེད་དེ། དེའི་ནང་ན་འདི་ལྟར་བྲིས་ཏེ་ཡོད།  རྒྱལ་པོ་ཀོ་རེས་ཀྱིས་སྲིད་པའི་ལོ་དང་པོར། རྒྱལ་པོ་ཀོ་རེས་རང་གིས་ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་གི་ཕོ་བྲང་གི་སྐོར་དུ་འདི་སྐད་ཅེས་བཀའ་གནང་། མཆོད་པ་འབུལ་གནས་ཀྱི་ཕོ་བྲང་དེ་བཞེངས་ཤིག རྨང་རྣམས་བརྟན་པོ་བཏིང་ནས། མཐོ་ཁྱད་ཁྲུ་དྲུག་ཅུ་དང་། ཞེང་ཁྱད་ཁྲུ་དྲུག་ཅུ་ཡོད་པར་དགོས།  དེ་མ་ཟད། རྡོ་བ་ཆེན་པོའི་གྲལ་གསུམ་དང་། གདུང་མ་གསར་བའི་གྲལ་གཅིག་ཡོད་པར་དགོས། དེའི་འགྲོ་སྒོ་ནི་རྒྱལ་པོའི་ཁྱིམ་གྱི་གཏེར་ནས་སྟེར་བར་འགྱུར་རོ།  ཡང་ནེ་བུ་ཀད་ནེ་ཙར་གྱིས་ཡེ་རུ་ཤ་ལེམ་ན་མཆིས་པའི་དཀོན་མཆོག་གི་ཕོ་བྲང་ནས་བཏོན་ཏེ་བཱ་བེལ་དུ་ཁྱེར་བའི་གསེར་དངུལ་གྱི་ཡོ་བྱད་དེ་རྣམས་ཕྱིར་བྱིན་ཏེ། ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དུ་རང་རང་གི་མལ་དུ་ཕྱིར་ཁྱེར་ནས། དཀོན་མཆོག་གི་ཕོ་བྲང་དུ་ཞོག་ཅིག
 དེ་བས་ན་ཀྱེ་གཙང་པོའི་ཕ་རོལ་གྱི་སྡེ་དཔོན་ཐད་ནཱ་ཨི་དང་། ཤེ་ཐར་བོས་ནཱ་ཨི་དང་། ཁྱོད་ཅག་གི་གྲོགས་པོ་གཙང་པོའི་ཕ་རོལ་དུ་སྡོད་པའི་ཨ་ཕར་སག་པ་རྣམས། བྱོལ་ནས་སྡོད་ལ།  ཡ་ཧུ་དཱ་པའི་སྡེ་དཔོན་དང་། དེ་དག་གི་རྒན་མི་རྣམས་ཀྱིས་དཀོན་མཆོག་གི་ཕོ་བྲང་དེ་རང་གི་མལ་དུ་བཞེང་བ་ལ། དཀོན་མཆོག་གི་ཕོ་བྲང་འདིའི་ལས་ནང་མ་འདྲེས་ཤིག  དེ་མ་ཟད། ཁྱོད་ཅག་གིས་ཡ་ཧུ་དཱ་པའི་རྒན་མི་རྣམས་ལ་དཀོན་མཆོག་གི་ཕོ་བྲང་འདི་རྩིག་ཙ་ན་ཅི་བྱེད་དགོས་པ། ངའི་བཀའ་འདི་ཡིན། དེ་དག་གི་ལས་མི་འགེགས་པའི་ཕྱིར་དུ། རྒྱལ་པོའི་ནོར་རམ། གཙང་པོའི་ཕ་རོལ་གྱི་དཔྱ་ཁྲལ་ནས། དེ་དག་གི་འབུད་སྒོ་བཞིན་དུ་ཡུད་གཅིག་ཏུ་གཏོང་བར་དགོས།  ཡང་དེ་དག་ལ་ནམ་མཁའི་དཀོན་མཆོག་གི་སྦྱིན་སྲེག་གི་མཆོད་པའི་ཕྱིར་བེའུ་དང་། ལུག་ཐུག་དང་། ལུ་གུ་དང་། ཡེ་རུ་ཤ་ལེམ་གྱི་བླ་མ་རྣམས་ཀྱི་དགོས་པ་བཞིན་དུ་གྲོ་དང་། ཚྭ་དང་། རྒུན་ཆང་དང་། འབྲུ་མར་མ་ཆག་པར་ཉིན་རེ་བཞིན་དེ་དག་ལ་སྦྱིན་དགོས། ༡༠ དེ་ནས་དེ་དག་གིས་ནམ་མཁའི་དཀོན་མཆོག་ལ་དྲི་ཞིམ་གྱི་མཆོད་པ་འབུལ་ཞིང་། རྒྱལ་པོ་དང་ཁོང་གི་སྲས་རྣམས་ཀྱི་ཚེ་རིང་བའི་ཕྱིར་སྨོན་ལམ་འདེབས་པར་བྱའོ། ༡༡ ཡང་ངའི་བཀའ་ནི། མི་སུ་ཞིག་གིས་བཀའ་འདི་གཞན་དུ་སྒྱུར་ན། མི་དེའི་ཁང་པ་ནས་གདུང་མ་ཞིག་བཏོན་ཏེ་སའི་ནང་བཙུག་ནས། དེའི་ཁར་མི་དེ་འཕྱར་ལ་བཏང་ཞིང་། ཉེས་པ་དེའི་ཕྱིར་མི་དེའི་ཁང་པ་ལུད་ཀྱི་ཕུང་པོར་བྱོས་ཤིག ༡༢ ཡང་ཉིད་ཀྱི་མཚན་དེར་གནས་སུ་བཅུག་པའི་དཀོན་མཆོག་དེས་ནི། བསྒྱུར་མཁན་དང་། ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་གི་ཕོ་བྲང་འདི་འཇིག་པར་བྱེད་དུ་ལག་པ་རྐྱོང་མཁན་གྱི་རྒྱལ་པོའམ། མི་རྣམས་མེད་པར་མཛོད་ཅིག འདི་ནི་དར་ཡཱ་ངའི་བཀའ་སྟེ། བརྩོན་གྲུས་ཀྱིས་སྒྲུབ་པར་བྱོས་ཤིག་ཅེས་བསྒོའོ༎
༡༣ དེ་ནས་གཙང་པོའི་ཕ་རོལ་གྱི་སྡེ་དཔོན་ཐད་ནཱ་ཨི་དང་། ཤེ་ཐར་བོས་ནཱ་ཨི་དང་། དེ་དག་གི་གྲོགས་པོ་རྣམས་ཀྱིས། རྒྱལ་པོ་དར་ཡཱས་བཀའ་གནང་བ་བཞིན་དུ་མྱུར་དུ་བྱས་སོ། ༡༤ ཡ་ཧུ་དཱ་པའི་རྒན་པོ་རྣམས་ཀྱིས་མཁར་ལས་བྱས། ལུང་སྟོན་པ་ཧག་གཱ་ཨི་དང་། ཨིད་དོའི་བུ་ཟ་ཀར་ཡཱའི་ལུང་བསྟན་གྱི་སྒོ་ནས་ལས་དོན་བསྒྲུབ་བོ། དེ་དག་གིས་ཨིས་ར་ཨེལ་གྱི་དཀོན་མཆོག་གི་བཀའ་དང་། ཏ་ཟིག་གི་རྒྱལ་པོ་ཀོ་རེས་དང་། དར་ཡཱ་དང་། ཨར་ཐག་ཤས་ཐཱ་ཡི་བཀའ་བཞིན་དུ་བརྩིག་ནས་བསྒྲུབ་བོ། ༡༥ ཡང་རྒྱལ་པོ་དར་ཡཱས་སྲིད་བྱེད་པའི་ལོ་དྲུག་པའི་ཟླ་བ་ཨ་དར་གྱི་ཚེས་གསུམ་པར་ཕོ་བྲང་དེ་བསྒྲུབ་བོ༎
༡༦ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས། བླ་མ་དང་ལེ་ཝི་པ་དང་། བཟུང་སྟེ་ཁྱེར་མཁན་གྱི་བུ་བརྒྱུད་ཀྱི་ཕྱི་ལུས་འདི་དག་གིས་དཀོན་མཆོག་གི་ཕོ་བྲང་ལ་རབ་གནས་བྱེད་ཅིང་དགའ་མགུར་བྱས་ཏེ། ༡༧ དེ་དག་གིས་དཀོན་མཆོག་གི་ཕོ་བྲང་ལ་རབ་གནས་བྱེད་པའི་སྐབས་སུ། གླང་༡༠༠དང་། ལུག་ཐུག་༢༠༠དང་། ལུ་གུ་༤༠༠ཕུལ་ཏོ། ཡང་ཨིས་ར་ཨེལ་ཐམས་ཅད་ཀྱི་སྡིག་བཤགས་ཀྱི་མཆོད་པའི་དོན་དུ། ར་ཕོ་༡༢ཨིས་ར་ཨེལ་གྱི་སྡེའི་གྲངས་དང་འདྲ་བར་ཕུལ་ཏོ། ༡༨ ཡང་མོ་ཤེའི་མདོ་ན་བྲིས་པ་བཞིན་དུ། དེ་དག་གིས་བླ་མ་རྣམས་ཁག་སོ་སོ་དང་། ལེ་ཝི་པ་རྣམས་རང་གི་རེས་ལ་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་གི་ཞབས་ཏོག་བྱེད་དུ་བཞག་གོ།
༡༩ དེ་ནས་བཟུང་སྟེ་ཁྱེར་བའི་བུ་རྣམས་ཀྱིས་ཟླ་བ་དང་པོའི་ཚེས་བཅུ་བཞི་པར་པེ་སག་གི་དུས་ཆེན་སྲུངས་སོ། ༢༠ དེ་ཅིའི་ཕྱིར་ཞེ་ན། བླ་མ་དང་ལེ་ཝི་པ་རྣམས་ཀྱིས་ལྷན་གཅིག་ཏུ་གཙང་སྦྲ་བྱས་ནས། ཐམས་ཅད་དག་པར་གྱུར་ཏེ། དེ་དག་གིས་བཟུང་ནས་ཁྱེར་བའི་བུ་རྣམས་དང་། རང་གི་སྤུན་བླ་མ་རྣམས་དང་། རང་གི་ཕྱིར་པེ་སག་གི་ལུ་གུ་བསད་དོ། ༢༡ ཡང་བཙོན་ཁང་ནས་ཕྱིར་ལོག་འོངས་པའི་ཨིས་ར་ཨེལ་གྱི་བུ་རྣམས་དང་། ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ་འཚོལ་ཞིང་ཡུལ་དེའི་ཕྱི་པའི་མི་གཙང་བ་ནས་སོ་སོ་བསྡད་མཁན་ཐམས་ཅད་ཀྱིས་པེ་སག་བཟས་སོ། ༢༢ ཞག་མདུན་གྱི་བར་དུ་རུ་མ་མེད་པའི་བག་ལེབ་ཀྱི་དུས་ཆེན་དགའ་ཞིང་བསྲུངས་སོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་དག་སྐྱིད་པོ་དང་ལྡན་པར་མཛད་ནས། ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་པའི་དཀོན་མཆོག་གི་ཕོ་བྲང་གི་ལས་ལ་གྲོགས་བྱེད་པའི་ཕྱིར། ཨ་སུར་རྒྱལ་པོའི་སྙིང་འདི་དག་གི་ཕྱོགས་སུ་སྒྱུར་བར་མཛད་དོ༎