དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་རང་གི་གྲོང་ཁྱེར་རྣམས་སུ་གནས་ཤིང་། ཟླ་བ་བདུན་པ་ལོན་པའི་ཚེ། མི་རྣམས་ཡེ་རུ་ཤ་ལེམ་དུ་མི་གཅིག་ལྟར་ཕྱོགས་གཅིག་ཏུ་འདུས་ཏེ།  དེར་ཡོ་ཚ་དག་གི་བུ་ཡེ་ཤུ་ཨ་དང་། དེའི་སྤུན་བླ་མ་རྣམས་དང་། ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་། དེའི་སྤུན་རྣམས་ལངས་ཏེ། དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་བཀའ་ཁྲིམས་ན་བྲིས་པ་བཞིན་དུ། སྦྱིན་སྲེག་གི་མཆོད་པ་འབུལ་བར་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཆོད་ཁྲི་དེ་བཞེངས་སོ།  དེ་དག་ཡུལ་མི་རྣམས་ལ་འཇིགས་པས། མཆོད་ཁྲི་དེ་སྔར་གནས་སུ་བཞེངས་ནས། ཡ་ཧོ་ཝཱ་ལ་དེའི་ཁར་སྔ་དྲོ་དང་ཕྱི་དྲོའི་སྦྱིན་སྲེག་གི་མཆོད་པ་རྣམས་ཕུལ་ཏོ།  ཡང་དེ་དག་གིས་མདོ་ན་བྲིས་པ་བཞིན་དུ། གུར་རྣམས་ཀྱི་དུས་ཆེན་བྱས་ཏེ། ཉིན་རེའི་སྦྱིན་སྲེག་གི་མཆོད་པ་རྣམས་གྲངས་ཀ་བཞིན་དུ་ཉིན་རེ་རེ་ལ་ཕུལ་ཏོ།  ཡང་དེའི་རྗེས་སུ་རྒྱུན་གྱི་སྦྱིན་སྲེག་གི་མཆོད་པ་དང་། ཟླ་གསར་དང་། དམ་པར་བྱས་པའི་ཡ་ཧོ་ཝཱའི་དུས་ཆེན་གྱི་མཆོད་པ་དང་། ཡང་མི་རེ་རེས་དགའ་ཞིང་ཡ་ཧོ་ཝཱའི་ཕྱིར་ཕུལ་བའི་མཆོད་པ་རྣམས་ཕུལ་ཏོ།  ཟླ་བ་བདུན་པའི་ཚེས་དང་པོར་དེ་དག་གིས་ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་བར་བརྩམས་ཀྱང་། དུས་དེ་ལ་ཡ་ཧོ་ཝཱའི་མཆོད་ཁང་གི་རྨང་ད་དུང་བཏིང་ནས་མེད་པ་ཡིན་ནོ།  ཡང་དེ་དག་གིས་རྩིག་དཔོན་དང་ཤིང་བཟོ་པ་ལ་དངུལ་སྤྲད་དེ། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་བཀའ་བཞིན་དུ། ལི་བ་ནོན་ནས་རྒྱ་མཚོ་རྒྱུད་དེ་ཡོ་ཕཱའི་བར་དུ་འགྱམ་ཤིང་འདྲེན་པའི་ཕྱིར། ཚི་དོན་པ་དང་ཚོར་པ་རྣམས་ལ་བཟའ་བ་དང་བཏུང་བ་དང་སྣུམ་བྱིན་ཏོ༎
 དེ་དག་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་གི་ཁྱིམ་དུ་བསླེབ་ནས། ལོ་གཉིས་པའི་ཟླ་བ་གཉིས་པར། ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་། ཡོ་ཚ་དག་གི་བུ་ཡེ་ཤུ་ཨ་དང་། དེ་དག་གི་སྤུན། བླ་མ་རྣམས་དང་། ལེ་ཝི་པ་དང་། བཙོན་ནས་ཐར་ཏེ་ཡེ་རུ་ཤ་ལེམ་དུ་འོངས་མཁན་ཐམས་ཅད་འཛོམས་ཏེ། ལེ་ཝི་པ་ལོ་ཉི་ཤུ་ཐལ་ལོན་པ་རྣམས་ཡ་ཧོ་ཝཱའི་ཕོ་བྲང་གི་ལས་ཀྱི་མིག་ལྟ་བྱེད་པར་བཞག་གོ།  དེ་ནས་ཡེ་ཤུ་ཨ་རང་གི་བུ་དང་སྤུན་རྣམས་དང་། ཀད་མི་ཨེལ་རང་གི་བུ་ཡ་ཧུ་དཱ་པ་རྣམས་དང་བཅས་པ་དང་། ཧེ་ན་དད་ཀྱི་བུ་རྣམས་རང་གི་བུ་དང་སྤུན་རྣམས་སམ། ལེ་ཝི་པ་རྣམས་དང་བཅས་པ་ཐམས་ཅད་འཛོམས་ནས། དཀོན་མཆོག་གི་ཕོ་བྲང་གི་ལས་མི་རྣམས་ལ་ལྟ་རུ་ལངས་སོ༎
༡༠ རྩིག་དཔོན་རྣམས་ཀྱིས་ཡ་ཧོ་ཝཱའི་མཆོད་ཁང་གི་རྨང་འདིང་བའི་ཚེ། ཨིས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱིས་བཙུགས་པའི་ཁྲིམས་བཞིན་དུ་ཡ་ཧོ་ཝཱ་ལ་བསྟོད་པ་འབུལ་བའི་ཕྱིར། བླ་མ་ཆོས་གོས་གོན་ཏེ་དུང་འབུད་མཁན་རྣམས་དང་། ཨ་སབ་ཀྱི་བུ་ལེ་ཝི་པ་སྦུག་ཆོལ་རྡུང་མཁན་རྣམས་ལངས་སོ། ༡༡ དེ་ནས་དེ་དག་གིས་གཅིག་གིས་གཅིག་ལ་ཡ་ཧོ་ཝཱ་ལ་སྟོད་པ་དང་གཏང་རག་འབུལ་ཞིང་འདི་སྐད་དུ། ཁོང་ནི་བཟང་པོ་ལགས་པས། ཁོང་གི་ཐུགས་རྗེ་ཨིས་ར་ཨེལ་གྱི་ཆེད་དུ་རྒྱུན་དུ་གནས། ཤེས་པའི་མགུར་བཞེས་སོ། ཡ་ཧོ་ཝཱའི་ཕོ་བྲང་གི་རྨང་བཏིང་བ་དང་། ཡ་ཧོ་ཝཱ་ལ་བསྟོད་བསྔགས་པའི་དུས་སུ། མི་ཐམས་ཅད་ཀྱིས་སྒྲ་དྲག་པོ་བཏོན་ཏོ། ༡༢ འོན་ཀྱང་བླ་མ་དང་། ལེ་ཝི་པ་དང་། ཕ་མེས་བརྒྱུད་ཀྱི་དཔོན་པོ། སྔར་གྱི་ཕོ་བྲང་མཐོང་མཁན་རྒན་པོ་མང་པོས། ཕོ་བྲང་འདིའི་རྨང་དེ་དག་གི་མདུན་དུ་འདིང་བ་མཐོང་བའི་ཚེ། སྐད་དྲག་པོས་ངུས་སོ། ཡང་མི་མང་པོས་དགའ་བའི་སྒྲ་བཏོན་ཏོ། ༡༣ དེར་མི་རྣམས་ཀྱིས་དགའ་བའི་སྒྲ་དང་ངུ་བའི་སྒྲའི་ཁྱད་འབྱེད་མ་ནུས། ཅིའི་ཕྱིར་ཞེ་ན། མི་རྣམས་ཀྱིས་སྐད་ཤིན་ཏུ་དྲག་པོར་བཏོན་པས། སྐད་དེ་ཐག་རིང་དུ་ཐོས་སོ༎