༤
ཡ་ཧུ་དཱ་དང་བེན་ཡ་མིན་གྱི་དགྲ་བོ་རྣམས་ཀྱིས། བཙོན་དུ་བཅུག་པའི་བུ་རྣམས་ཀྱིས་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་མཆོད་ཁང་ཞིག་རྩིག་པར་ཐོས་པ་ལས། ༢ དེ་དག་ཟེ་རུབ་བཱ་བེལ་དང་། ཕ་མེས་བརྒྱུད་ཀྱི་དཔོན་པོ་རྣམས་ཀྱི་རྩར་འོངས་ནས། དེ་དག་ལ། ངེད་རྣམས་ལ་ཡང་ཁྱོད་ཚོ་དང་མཉམ་རྩིག་པར་ཆུག་ཅིག ཅིའི་ཕྱིར་ཞེ་ན། ཁྱོད་ཚོ་ལྟར་ང་རྣམས་ཀྱིས་ཀྱང་ཁྱོད་ཚོའི་དཀོན་མཆོག་འཚོལ། ཨ་སུར་གྱི་རྒྱལ་པོ་ཨེ་སར་ཧད་དོན་གྱིས་ང་རྣམས་ནི་བཟུང་ཁྱེར་བའི་དུས་ནས་ཕྱིན་དུ་ཁོང་ལ་མཆོད་པ་འབུལ་གྱིན་གནས་སོ་ཞེས་ཞུས་སོ། ༣ འོན་ཀྱང་ཟེ་རུབ་བཱ་བེལ་དང་། ཡེ་ཤུ་ཨ་དང་། ཨིས་ར་ཨེལ་གྱི་ཕ་མེས་བརྒྱུད་ཀྱི་གཞན་དཔོན་པོ་རྣམས་ཀྱིས་དེ་དག་ལ། ང་རྣམས་ཀྱི་དཀོན་མཆོག་གི་ཕྱིར་ཕོ་བྲང་ཞིག་རྩིགས་པ་དེ་ནི་ཁྱོད་ཚོ་ལ་འདྲེས་པའི་ལས་མེད། ཁྱོད་ཚོ་དང་ལྷན་གཅིག་ཏུ་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱའི་ཕོ་བྲང་རྩིག་པར་མི་འོས། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་བསྒོ་བ་བཞིན་དུ་ང་རྣམས་གཅིག་པུས་རྩིག་ཀྱང་ཆོག་ཅེས་སྨྲས་སོ༎༤ དེ་ནས་ཡུལ་མི་རྣམས་ཀྱིས་ཡ་ཧུ་དཱ་པ་རྣམས་ལག་རྩ་ལྷོད་བཅུག་ནས། རྩིག་དུས་སུ་སྡུག་པོ་བཏང་ངོ་། ༥ ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་དུས་ནས། ཏ་ཟིག་གི་རྒྱལ་པོ་དར་ཡཱས་སྲིད་བྱེད་པའི་བར་དུ་དེ་ལྟར་བྱས་སོ༎
༦ ཡང་ཨ་ཧས་ཝེ་རོས་རྒྱལ་པོ་བྱས་པའི་དུས། དེའི་རྒྱལ་སྲིད་ཀྱི་ཐོག་མར་དེ་དག་གིས་དེ་ལ་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་པའི་སྐོར་ལ་ཕྲ་མའི་ཡི་གེ་ཞིག་བྲིས་སོ༎
༧ དེ་ནས་ཨར་ཐག་ཤས་ཐཱའི་དུས་ན། བིས་ལམ་དང་མིད་རེ་དཱད་དང་། ཏ་བེ་ཨེལ་དང་། གྲོས་མི་གཞན་རྣམས་དང་མཉམ་དུ་ཏ་ཟིག་གི་རྒྱལ་པོ་ཨར་ཐག་ཤས་ཐཱ་ལ་ཡི་གེ་ཞིག་བྲིས་ཏེ། ཡི་གེ་དེ་ཨ་རམ་པའི་སྐད་དུ་བསྒྱུར་ཏེ། ཨ་རམ་པའི་ཡི་གེ་ནང་བྲིས་ཡོད་པ་ཡིན། ༨ བློན་པོ་རེ་ཧུམ་དང་། ཡིག་མཁན་ཤིམ་ཤཱ་ཨི་ཡིས་རྒྱལ་པོ་ཨར་ཐག་ཤས་ཐཱ་ལ་ཡེ་རུ་ཤ་ལེམ་གྱི་སྐོར་དུ་འདི་ལྟ་བུའི་ཡི་གེ་ཞིག་བྲིས་སོ། ༩ བློན་པོ་རེ་ཧུམ་དང་ཡིག་མཁན་ཤིམ་ཤཱ་ཨི་དང་། དི་ནཱ་དང་། ཨ་ཕར་སད་ཁད་དང་། ཏར་པལ་དང་། ཨ་ཕར་སཱ་དང་། ཨར་ཁེ་ཝིད་དང་། བཱ་བེལ་དང་། ཤུ་ཤན་དང་། དེ་ཧི་དང་། ཨེ་ལམ་ཡུལ་གྱི་གྲོས་མི་དང་། ༡༠ མི་ཆེན་ཨས་ན་ཕཱར་མཚན་གྲགས་ཅན་གྱིས་ཕ་རོལ་ནས་ཁྲིད་དེ་ས་མར་ཡཱའི་གྲོང་ཁྱེར་དང་གཙང་པོའི་ཚུར་ལ་ཡོད་པའི་གྲོང་ཁྱེར་གཞན་རྣམས་སུ་བཞག་པའི་མི་བརྒྱུད་གཞན་རྣམས་ཀྱི་སྙན་ཞུས་འདི་ཡིན། ༡༡ དེ་རྣམས་ཀྱིས་རྒྱལ་པོ་ཨར་ཐག་ཤས་ཐཱ་ལ་བསྐུར་བའི་ཡི་གེའི་འདྲ་བཤུས་ནི། ཁྱེད་ཀྱི་བྲན་མི་གཙང་པོའི་ཚུ་རོལ་དུ་སྡོད་པ་རྣམས་ཀྱི་འབུལ་དོན་ལ་སོགས། ༡༢ རྒྱལ་པོ་ཁྱེད་ལ་གསན་པར་རིགས་ཏེ། ཡ་ཧུ་དཱ་པ་ཁྱེད་ཀྱི་དྲུང་ནས་བདག་ཅག་གི་རྩར་འོངས་པ་རྣམས་ནི། ངོ་ལོག་ཅན་ངན་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་བསླེབས་ནས། དེ་རྩིག་གིན་འདུག་སྟེ། རྨང་རྣམས་བཏིང་སྟེ། རྩིག་པ་རྣམས་བསླངས་སོ། ༡༣ ད་རྒྱལ་པོས་ངེས་པར་གྱུར་ཅིག གྲོང་ཁྱེར་འདི་བརྩིགས་ནས། རྩིག་པ་རྣམས་ལ་བཞིག་གསོས་བཏང་ཚར་ན། དེ་དག་གིས་དཔྱ་དང་། འབབ་དང་། ཤོ་ཁྲལ་མི་གཞལ། རྒྱལ་པོ་རྣམས་ཀྱི་དཔྱ་ཁྲལ་ལ་གནོད་པ་འབྱུང་བར་ངེས་སོ། ༡༤ ད་བདག་ཅག་གིས་རྒྱལ་པོའི་ཕོ་བྲང་ནས་ཚྭ་ཟ་བས། རྒྱལ་པོ་ལ་སྨད་པ་འབྱུང་བར་མཐོང་ནས། སྡོད་པའི་འོས་མིན། དེའི་ཕྱིར་བང་ཆེན་གཏོང་ཞིང་། རྒྱལ་པོ་ལ་དཔང་འབུད་དོ། ༡༥ ཁྱེད་ཀྱི་ཡབ་མེས་རྣམས་ཀྱི་དེབ་ནང་དུ་རྩད་གཅོད་པའི་རིགས་སོ། དེ་ནས་ཁྱེད་ཀྱིས་དེབ་ནང་ནས། གྲོང་ཁྱེར་འདི་ངོ་ལོག་ཅན་གྱི་གྲོང་ཁྱེར་དང་། རྒྱལ་པོ་དང་སྡེ་རྣམས་ལ་གནོད་པ་ཆེན་པོ་དང་། དང་པོ་ནས་གཞན་མ་ལ་ཡང་ངོ་ལོག་ཏུ་འཇུག་མཁན་ཡིན་མཁྱེན་པར་འགྱུར་རོ། དེའི་རྐྱེན་གྱིས་གྲོང་ཁྱེར་འདི་མེད་པར་བྱས་སོ། ༡༦ གལ་ཏེ་གྲོང་ཁྱེར་འདི་ཕྱིར་རྩིགས་ཏེ། དེའི་རྩིག་པ་རྣམས་སླངས་ན། གཙང་པོའི་ཚུ་རོལ་དུ་ཁྱེད་ལ་དབང་ཅིའང་མི་ལུས་སོ་ཞེས་བདག་ཅག་གིས་རྒྱལ་པོ་ལ་དཔང་འབུད་དོ་བྲིས་སོ༎
༡༧ དེར་རྒྱལ་པོས་བློན་པོ་རེ་ཧུམ་དང་། ཡིག་མཁན་ཤིམ་ཤཱ་ཨི་དང་། དེ་དག་གི་གྲོས་མི་གཞན་ས་མར་ཡཱ་རུ་བསྡད་པ་དང་། གཙང་པོའི་ཕ་རོལ་དུ་གནས་པ་གཞན་རྣམས་ལ་ལན་འདི་ལྟར་བྲིས་ཏེ་བཏང་ངོ་། ཞི་བདེ་ལ་སོགས་དང་། ༡༨ ཁྱོད་ཚོས་ངེད་ལ་བཏང་བའི་ཡི་གེ་དེ་ངའི་མདུན་དུ་ཞིབ་ཏུ་བཀླགས་སོ། ༡༩ ཡང་ངས་བཀའ་གནང་ནས་རྩད་བཅད་པ་ཡིན། དེར་ངས་ནི་གྲོང་ཁྱེར་དེས་དང་པོ་ནས་རྒྱལ་པོ་རྣམས་ལ་ངོ་ལོག་བྱས་ཤིང་། ངོ་ལོག་དང་འཁྲུག་པ་དེའི་ནང་དུ་བྱུང་འདུག་པ་བརྟགས་པ་ཡིན། ༢༠ ཡང་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཤིན་ཏུ་དབང་ཅན་རྣམས་བྱུང་སྟེ། གཙང་པོའི་ཕར་ཕྱོགས་སུ་ཡུལ་ཐམས་ཅད་དུ་སྲིད་བྱས་ཤིང་། དཔྱ་དང་འབབ་དང་ཤོ་གམ་བླངས་སོ། ༢༡ ད་ཁྱོད་ཅག་གིས་མི་དེ་རྣམས་ཀྱི་ལས་བཞག་དགོས་ཞེས་བཀའ་གནང་དགོས། ངས་བཀའ་གཞན་ཞིག་མ་བཏང་བའི་བར་དུ། གྲོང་ཁྱེར་དེ་རྩིག་མི་ཆོག ༢༢ འདི་བཞིན་དུ་བྱེད་དུ་ལེ་ལོ་མ་བྱེད་ཅིག དེ་མིན་གནོད་པ་འདི་རྒྱལ་པོ་རྣམས་ལ་གནོང་པའི་བར་དུ་འཕེལ་བར་འགྱུར་རོ་ཞེས་བྲིས་ཡོད་པ་ཡིན།
༢༣ རྒྱལ་པོ་ཨར་ཐག་ཤས་ཐཱའི་ཡི་གེ་དེ་རེ་ཧུམ་དང་། དྲུང་ཡིག་ཤིམ་ཤཱ་ཨི་དང་། དེ་དག་གི་གྲོས་མི་རྣམས་ཀྱི་མདུན་དུ་བཀླགས་པ་དང་། དེ་རྣམས་མྱུར་དུ་ཡེ་རུ་ཤ་ལེམ་དུ་ཡ་ཧུ་དཱ་པའི་རྩར་ཕྱིན་ནས། དབང་ཡོད་བཏང་ཞིང་དེ་དག་གི་ལས་བཀག་གོ།
༢༤ དེར་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་གི་ཁྱིམ་བཟོ་བའི་ལས་དེ་བཞག་ནས། ཏ་ཟིག་གི་རྒྱལ་པོ་དར་ཡཱའི་རྒྱལ་སྲིད་ཀྱི་ལོ་གཉིས་པའི་བར་དུ་དེ་བཞིན་དུ་ལུས་སོ༎