༢༦
སྒོ་པ་རྣམས་ཀྱི་གྲལ་རིམ་ནི། ཀོ་རཱ་པའི་ནང་ནས་ཨ་སབ་ཀྱི་བརྒྱུད་པ་ལས། ཀོ་རེའི་བུ་མེ་ཤེ་ལེམ་ཡཱ། ༢ ཡང་མེ་ཤེ་ལེམ་ཡཱའི་བུ་རྣམས་ནི། སྔོན་སྐྱེས་ཟ་ཀར་ཡཱ། གཉིས་པ་ཡེ་དི་ཡཱ་ཨེལ། གསུམ་པ་ཟེ་བད་ཡཱ། བཞི་པ་ཡད་ནི་ཨེལ། ༣ ལྔ་པ་ཨེ་ལམ། དྲུག་པ་ཡོ་ཧ་ནན། བདུན་པ་ཨེལ་ཡོ་ཨེ་ནཱ་ཨི་སྟེ། ༤ ཨོ་བེད་ཨེ་དོམ་གྱི་བུ་རྣམས་ནི། སྔོན་སྐྱེས་ཤེ་མ་ཡཱ། གཉིས་པ་ཡོ་ཟ་བད། གསུམ་པ་ཡོ་ཨ། བཞི་པ་ས་ཀཱར། ལྔ་པ་ནེ་ཐན་ཨེལ། ༥ དྲུག་པ་ཨམ་མི་ཨེལ། བདུན་པ་ཨི་ས་གར། བརྒྱད་པ་པེ་ཨུལ་ལེ་ཐཱ་ཨིའོ། ༦ དེ་ལྟར་དཀོན་མཆོག་གིས་དེ་ལ་བྱིན་གྱིས་བརླབས་སོ། དེའི་བུ་ཤེ་མ་ཡཱ་ལས་ཀྱང་བུ་རྣམས་ཆད་དེ། དེ་རྣམས་དཔའ་རྩལ་དང་ལྡན་པས། རང་གི་ཕ་སྤད་ཀྱི་འགོ་བྱེད་བྱས་པ་ཡིན། ༧ ཤེ་མ་ཡཱའི་བུ་རྣམས་ནི། ཨོད་ནི་དང་། རེ་ཕ་ཨེལ་དང་། ཨོ་བེད་དང་། ཨེལ་ཟ་བད་དང་། ཨེ་ལི་ཧུ་དང་། སེ་མག་ཡཱ་དང་དྲུག་སྟེ། ཨེལ་ཟ་བད་ཀྱི་སྤུན་ཟླ་རྣམས་མི་སྟོབས་པོ་ཆེ་ཡོད་པ་ཡིན། ༨ དེ་ཐམས་ཅད་ནི་ཨོ་བེད་ཨེ་དོམ་གྱི་བུ་སྟེ། དེ་དག་དང་དེ་དག་གི་བུ་དང་སྤུན་རྣམས་ཞབས་ཏོག་གི་ལས་བྱེད་དུ་རེམ་པ་ཡོད་པ་ཡིན་ཏེ། ཨོ་བེད་ཨེ་དོམ་གྱི་ནང་ནས་མི་དྲུག་ཅུ་རེ་གཉིས་ཡོད་པ་ཡིན་ནོ། ༩ མེ་ཤེ་ལེམ་ཡཱ་ལ་བུ་དང་སྤུན་སྟོབས་ལྡན་བཅོ་བརྒྱད་ཡོད་པ་ཡིན། ༡༠ ཡང་མེ་རཱ་རིའི་བརྒྱུད་པའི་ནང་ནས་ཧོ་སཱ་ལ་ཡང་བུ་རྣམས་ཡོད་དེ། ཤིམ་རི་སྔོན་སྐྱེས་མིན་བཞིན། དེའི་ཕས་ཁོ་འགོ་པར་བཞག་ནས། འགོ་དཔོན་བྱས་པ་ཡིན། ༡༡ བུ་གཉིས་པ་ནི་ཧིལ་ཀི་ཡཱ། གསུམ་པ་ཏེ་བལ་ཡཱ། བཞི་པ་ཟ་ཀར་ཡཱ་སྟེ། ཧོ་སཱའི་བུ་དང་སྤུན་བཅས་སྡོམ་བཅུ་གསུམ་ཡོད་པ་ཡིན།༡༢ ཡ་ཧོ་ཝཱའི་ཕོ་བྲང་ལ་ཞབས་ཏོག་བྱེད་པའི་ཕྱིར་སྒོ་པའི་འགོ་བྱེད་དང་དེ་དག་གི་སྤུན་རྣམས་ཀྱི་རེས་ནི། ༡༣ དེ་དག་གིས་རེ་རང་གི་ཕ་སྤད་བཞིན་དུ་མི་ཆེ་ཆུང་མེད་པར་རྟ་སྒོ་རེ་རེའི་ཕྱིར་རྒྱན་བརྒྱབ་སྟེ། ༡༤ ཤེ་ལེམ་ཡཱ་ལ་ཤར་ཕྱོགས་ཀྱི་རྟགས་རིལ་ཐོན། དེ་ནས་དེའི་བུ་གྲོས་ལ་མཁས་པ་ཟ་ཀར་ཡཱ་ལ་རྒྱན་བརྒྱབ་ནས། དེའི་རྒྱན་བྱང་དུ་ཐོན། ༡༥ ཨོ་བེད་ཨེ་དོམ་ལ་ལྷོ་ཕྱོགས་དང་། དེའི་བུ་རྣམས་ལ་མཛོད་དང་། ༡༦ ཤུབ་པིམ་དང་ཧོ་སཱ་གཉིས་ལ་ནུབ་ཕྱོགས་སུ་གྱེན་དུ་འཛེག་པའི་ལམ་སྲང་གི་མདུན་གྱི་ཤལ་ལེ་ཁེད་ཀྱི་ཉེ་འཁོར་ཐོན་པས། སྒོ་པ་གཅིག་དང་གཅིག་ཐད་ཀར་བསྡད། ༡༧ ཤར་དུ་ལེ་ཝི་པ་སྒོ་པ་དྲུག་དང་། ཉིན་རེ་བཞིན་བྱང་དུ་བཞི། ལྷོར་ཞག་རེ་བཞིན་བཞི་དང་། མཛོད་ཀྱི་མདུན་དུ་གཉིས་གཉིས་བསྡད། ༡༨ ཡང་ནུབ་ཕྱོགས་ཀྱི་པར་བཱར་དུ་ལམ་སྲང་གི་ཕྱིར་བཞི་དང་། པར་བཱར་གྱི་ཕྱིར་གཉིས་བསྡད་དོ། ༡༩ དེ་ནི་ཀོ་རཱ་ཡི་བུ་བརྒྱུད་དང་མེ་རཱ་རིའི་བུ་བརྒྱུད་གཉིས་ཀྱི་སྒོ་པའི་གྲལ་ཚིར་རོ༎
༢༠ ཡང་ལེ་ཝི་པའི་ཁྲོད་ལས་ཨ་ཧི་ཡཱ་ནི་དཀོན་མཆོག་གི་དཀོར་མཛོད་རྣམས་དང་བསྔོས་པའི་ནོར་རྫས་ཀྱི་གཏེར་མཛོད་དག་གི་གཉེར་པར་ཡོད་པ་ཡིན། ༢༡ ལཱ་དན་གྱི་བུ་བརྒྱུད་དམ། གེར་ཤོན་པ་ལཱ་དན་གྱི་བུ་རྣམས་ཀྱི་ནང་ནས་ཡེ་ཧི་ཨེ་ལི་ནི་ཕ་སྤད་ཀྱི་འགོ་བྱེད་ཡོད་པ་ཡིན།
༢༢ ཡེ་ཧི་ཨེ་ལི་ཡི་བུ་ཟེ་ཐམ་དང་། དེའི་ནུ་བོ་ཡོ་ཨེལ་གཉིས་པོ་ཡ་ཧོ་ཝཱའི་ཕོ་བྲང་གི་བང་མཛོད་རྣམས་ཀྱི་གཉེར་པར་ཡོད་པ་ཡིན། ༢༣ ཡང་ཨམ་རམ་པ་དང་། ཡིས་ཧར་པ་དང་། ཧེབ་རོན་པ་དང་། ཨུ་ཟི་ཨེལ་པའི་ཁྲོད་ལས། ༢༤ མོ་ཤེའི་བུ་གེར་ཤོན་ལས་ཆད་པའི་ཟེ་བུ་ཨེལ་དེ་ནི་དཀོར་མཛོད་རྣམས་ཀྱི་ཕྱག་མཛོད་བྱས་པ་ཡིན། ༢༥ ཡང་དེའི་སྤུན་ཨེ་ལི་ཨེ་ཟེར་ལས་རེ་ཧབ་ཡཱ་ཆད། དེའི་བུ་ཡེ་ཤ་ཡཱ། དེའི་བུ་ཡོ་རམ། དེའི་བུ་ཟིག་རི། དེའི་བུ་ཤེ་ལོ་མིད། ༢༦ ཤེ་ལོ་མིད་དང་དེའི་སྤུན་རྣམས་ཀྱིས། རྒྱལ་པོ་དཱ་བིད་དང་། ཕ་སྤུན་གྱི་འགོ་དཔོན་དང་། སྟོང་དཔོན་བརྒྱ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱིས་བསྔོས་པའི་གཏེར་ཐམས་ཅད་ཀྱི་ཕྱག་མཛོད་བྱས་པ་ཡིན། ༢༧ དེ་དག་གིས་ཡ་ཧོ་ཝཱའི་ཕོ་བྲང་བཞེང་བའི་ཕྱིར་དུ། འཐབ་མོའི་བཅོམ་ནོར་གྱི་ནང་ནས་ཕུལ་པ་ཡིན། ༢༨ མངོན་ཤེས་པ་ཤ་མུ་ཨེལ་དང་། ཀིས་ཀྱི་བུ་ཤ་ཨུལ་དང་། ནེར་གྱི་བུ་ཨབ་ནེར་དང་། ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་རྣམས་ཀྱིས་ཕུལ་ཡོད་པ་ཚང་མ་དང་། སུས་ཅི་ཕུལ་ཡོད་པ་ཀུན་ཤེ་ལོ་མིད་དང་དེའི་སྤུན་དག་གི་ལག་ཏུ་བཅོལ་ཡོད་པ་ཡིན།
༢༩ ཡིས་ཧར་པའི་ནང་ནས་ཁེ་ནན་ཡཱ་དང་དེའི་བུ་རྣམས་ཀྱིས་ཨིས་ར་ཨེལ་པའི་ཕྱིར་ལུགས་ཀྱི་ལས་བྱེད་ཅིང་། མི་དཔོན་དང་ཁྲིམས་དཔོན་དུ་ཡོད་པ་ཡིན། ༣༠ ཡང་ཧེབ་རོན་པའི་ནང་ནས་ཧ་ཤབ་ཡཱ་དང་དེའི་སྤུན་སྟོབས་ལྡན་ཆིག་སྟོང་བདུན་བརྒྱ་ནི། ཡོར་དན་ཚུ་རོལ་གྱི་ནུབ་ཕྱོགས་སུ་གནས་པའི་ཨིས་ར་ཨེལ་པ་རྣམས་ཀྱི་ནང་དུ་ཡ་ཧོ་ཝཱའི་ལས་ཚང་མ་དང་རྒྱལ་པོའི་ལས་དཔོན་དུ་ཡོད་པ་ཡིན། ༣༡ ཧེབ་རོན་པའི་ནང་ན་ཡེ་རི་ཡཱ་བྱ་བ་དེ་ནི་ཕ་སྤད་ཀྱི་འགོ་དཔོན་དུ་གྱུར་ཏེ། དཱ་བིད་ཀྱིས་སྲིད་སྐྱོང་བའི་ལོ་བཞི་བཅུ་པར་དེ་དག་བཀུག་པ་དང་། གིལ་ཨད་ཀྱི་ཡ་ཟེར་བྱ་བའི་ཁྲོད་དུ། མི་སྙིང་སྟོབས་ཅན་མང་པོ་བརྙེད་ནས། ༣༢ ཡེ་རི་ཡཱའི་སྤུན་ཉི་སྟོང་བདུན་བརྒྱ་སྙིང་སྟོབས་ཆེ་བ་ནི་ཕ་སྤད་ཀྱི་འགོ་དཔོན་ཡིན་པས། དཱ་བིད་ཀྱིས་དཀོན་མཆོག་དང་རྒྱལ་པོའི་བྱ་བ་ཐམས་ཅད་ལ་ལྟ་བའི་ཕྱིར་དུ། རུ་བེན་པ་དང་། གད་པ་དང་། མ་ན་ཤེའི་སྡེ་ཕྱེད་ཀྱི་དཔོན་པོར་བསྐོས་སོ༎