༢༤
ཡང་ཨ་རོན་གྱི་བུ་རྣམས་ཀྱི་ཕ་རུས་སོ་སོ་རྣམས་ལ་ལྟ་སྟེ། ཨ་རོན་གྱི་བུ་ནི། ནཱ་དབ་དང་། ཨ་བི་ཧུ་དང་། ཨེལ་ཨ་ཟར་དང་། ཨི་ཐ་མར་བཅས་བཞི་སྟེ། ༢ ནཱ་དབ་དང་ཨ་བི་ཧུ་རང་གི་ཕ་ཡི་སྔོན་དུ་ཤི། དེ་གཉིས་ལ་ཕྲུ་གུ་མེད་པས། ཨེལ་ཨ་ཟར་དང་ཨི་ཐ་མར་གྱིས་བླ་མའི་ལས་ཚན་བྱས་པ་ཡིན། ༣ དེ་ནས་དཱ་བིད་ཀྱིས་རེ་རང་གི་ཞབས་ཏོག་གི་ལས་སྣེ་བཞིན་དུ། ཨེལ་ཨ་ཟར་གྱི་བུ་བརྒྱུད་ཀྱི་ནང་ནས་ཙ་དོག་དང་། ཨི་ཐ་མར་གྱི་བུ་བརྒྱུད་ལས་ཨ་ཧི་མེ་ལེག་གཉིས་ལ་ལས་བགོས་ཏེ་གནང་ངོ་། ༤ ཡང་ཨི་ཐ་མར་གྱི་བུ་བརྒྱུད་ལས། ཨེལ་ཨ་ཟར་གྱི་བུ་བརྒྱུད་ཀྱི་ནང་ན་འགོ་བྱེད་མང་དུ་ཐོན་ནོ། ཡང་དེ་དག་འདི་ལྟར་བགོས་ཡོད་དེ། ཨེལ་ཨ་ཟར་གྱི་བུ་བརྒྱུད་ལས་རང་གི་ཕ་སྤད་ཀྱི་འགོ་བྱེད་བཅུ་དྲུག་དང་། ཨི་ཐ་མར་གྱི་བུ་བརྒྱུད་ལས་རང་གི་ཕ་སྤད་ཀྱི་འགོ་བྱེད་བརྒྱད་ཡོད་དོ། ༥ ཨེལ་ཨ་ཟར་གྱི་བུ་བརྒྱུད་དང་། ཨི་ཐ་མར་གྱི་བུ་བརྒྱུད་ཕན་ཚུན་གཉིས་པོས་རྟགས་རིལ་བརྒྱབས་ནས། གཙང་ཁང་གི་དཀོན་གཉེར་དང་། དཀོན་མཆོག་གི་དཀོན་གཉེར་བྱས་པ་ཡིན་ཏེ། ༦ ལེ་ཝི་པ་ནེ་ཐན་ཨེལ་གྱི་བུ་ཡིག་མཁན་ཤེ་མ་ཡཱས་རྒྱལ་པོ་དང་། བརྒྱ་དཔོན་རྣམས་དང་། བླ་མ་ཙ་དོག་དང་། ཨབ་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་དང་། བླ་མ་དང་། ལེ་ཝི་པའི་ཕ་སྤད་ཀྱི་འགོ་བྱེད་རྣམས་ཀྱི་མདུན་དུ། དེ་དག་གི་མིང་ཡི་གེར་བྲིས་སོ། ཨེལ་ཨ་ཟར་གྱི་ཕྱིར་ཕ་སྤད་གཅིག་དང་། ཨི་ཐ་མར་གྱི་ཕྱིར་ཕ་སྤད་གཅིག་ཕྱེས་པ་ཡིན།༧ དེ་ནས་རྟག་རིལ་དང་པོ་ཡེ་ཧོ་ཡ་རིབ་ལ་ཐོན། གཉིས་པ་ཡེ་ད་ཡཱ་དང་། ༨ གསུམ་པ་ཧ་རིམ་དང་། བཞི་པ་སེ་ཨོ་རིམ་དང་། ༩ ལྔ་པ་མལ་ཀི་ཡཱ་དང་། དྲུག་པ་མི་ཡཱ་མིན་དང་། ༡༠ བདུན་པ་ཧག་ཀོས་དང་། བརྒྱད་པ་ཨ་བི་ཡཱ་དང་། ༡༡ དགུ་པ་ཡེ་ཤུ་ཨ་དང་། བཅུ་པ་ཤེ་ཀན་ཡཱ་དང་། ༡༢ བཅུ་གཅིག་པ་ཨེལ་ཡཱ་ཤིབ་དང་། བཅུ་གཉིས་པ་ཡ་ཀིམ་དང་། ༡༣ བཅུ་གསུམ་པ་ཧུབ་པཱ་དང་། བཅུ་བཞི་པ་ཡེ་ཤེ་བེ་ཨབ་དང་། ༡༤ བཅོ་ལྔ་པ་བིལ་གཱ་དང་། བཅུ་དྲུག་པ་ཨིམ་མེར་དང་། ༡༥ བཅུ་བདུན་པ་ཧེ་ཟིར་དང་། བཅོ་བརྒྱད་པ་ཧབ་བི་ཙེས་དང་། ༡༦ བཅུ་དགུ་པ་པེ་ཐ་ཧི་ཡཱ་དང་། ཉི་ཤུ་པ་ཡེ་ཧེས་ཀེལ་དང་། ༡༧ ཉེར་གཅིག་པ་ཡ་ཀིན་དང་། ཉེར་གཉིས་པ་ག་མུལ་དང་། ༡༨ ཉེར་གསུམ་པ་དེ་ལ་ཡཱ་དང་། ཉེར་བཞི་པ་མ་ཨས་ཡཱ་ལ་ཐོན་བྱུང་། ༡༩ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་དེ་དག་གི་གོང་མེས་ཨ་རོན་ལ་བཀའ་སྩལ་པ་བཞིན་དུ། དེ་ནི་རེ་རང་གི་གྲལ་ཚིར་ལྟར་དུ་ཡ་ཧོ་ཝཱའི་ཕོ་བྲང་ལ་ཞབས་འདེགས་བྱེད་དུ་འོང་བའི་གྲལ་རིམ་སྟེ།
༢༠ ལེ་ཝི་པའི་བུ་བརྒྱུད་གཞན་དག་ནི། ཨམ་རམ་གྱི་བུ་རྣམས་ཀྱི་ནང་ན་ཤུ་བཱ་ཨེལ་དང་། ཤུ་བཱ་ཨེལ་གྱི་བུ་རྣམས་ཀྱི་ནང་ན་ཡེ་ཧི་དེ་ཡཱའོ། ༢༡ རེ་ཧབ་ཡཱའི་བུ་བརྒྱུད་ཀྱི་ནང་ན་འགོ་བྱེད་ཡིས་ཤི་ཡཱ་དང་། ༢༢ ཡིས་ཧར་པའི་ཁྲོད་ན་ཤེ་ལོ་མོད་དང་། ཤེ་ལོ་མོད་ཀྱི་བུ་བརྒྱུད་ཀྱི་ནང་ན་ཡ་ཧད་དང་། ༢༣ ཧེབ་རོན་གྱི་བུ་བརྒྱུད་ཀྱི་ནང་ནས་དང་པོ་ཡེ་རི་ཡཱ། གཉིས་པ་ཨ་མར་ཡཱ། གསུམ་པ་ཡ་ཧ་ཟི་ཨེལ་དང་། བཞི་པ་ཡེ་ཀ་མེ་ཨམ་དང་། ༢༤ ཨུ་ཟི་ཨེལ་གྱི་བུ་བརྒྱུད་ལས་མི་ཀཱ། མི་ཀཱའི་བུ་བརྒྱུད་ལས་ཤ་མིར། ༢༥ མི་ཀཱའི་སྤུན་ཡིས་ཤི་ཡཱ། ཡིས་ཤི་ཡཱ་ཡི་བུ་བརྒྱུད་ལས་ཟ་ཀར་ཡཱ། ༢༦ དེ་ནས་མེ་རཱ་རིའི་བུ་བརྒྱུད། དེ་ནས་ཡ་ཨས་ཡཱའི་བུ་མག་ལི་དང་མུ་ཤི། དེ་ནས་བེ་ནོའོ། ༢༧ དེ་ནས་མེ་རཱ་རིའི་བུ་བརྒྱུད། ཡང་ཡ་ཨས་ཡཱ་དང་། བི་ནོ་དང་། ཤོ་ཧམ་དང་། ཟག་ཀུར་དང་། ཨིབ་རི་དང་། ༢༨ མག་ལི་དང་། བུ་བརྒྱུད་མེད་པའི་ཨེལ་ཨ་ཟར་དང་། ༢༩ ཀིས་དང་། ཀིས་ཀྱི་བུ་བརྒྱུད་དང་། ཡེ་ར་མེ་ཨེལ་ཏེ། ༣༠ མུ་ཤིའི་བུ་བརྒྱུད་དང་། མཱ་ལི་དང་། ཨེ་དེར། ཡེ་རི་མོད་གསུམ། དེ་རྣམས་ལེ་ཝིའི་ཕ་སྤད་བཞིན་དུ་དེ་དག་གི་བུ་རྣམས་སོ། ༣༡ དེ་རྣམས་ཀྱིས་ཀྱང་རང་གི་སྤུན་ཨ་རོན་གྱི་བུ་བརྒྱུད་ལྟར་དུ་རྒྱལ་པོ་དཱ་བིད་དང་། ཙ་དོག་དང་། ཨ་ཧི་མེ་ལེག་དང་། བླ་མ་དང་། ལེ་ཝི་པའི་ཕ་སྤད་ཀྱི་འགོ་བྱེད་རྣམས་ཀྱི་མདུན་དུ། ཕ་སྤད་ཀྱི་རྒན་པོ་ཆེ་བ་རྣམས་ཀྱིས་རང་གི་ནུ་བོ་རྣམས་དང་འདྲ་བར་བྱས་ནས། རྟགས་རིལ་བརྒྱབས་པ་ཡིན་ནོ༎