༢༣
དེ་ནས་དཱ་བིད་བགྲེས་ཤིང་། ཚེ་ཚད་ཚང་བའི་དུས་སུ། རང་གི་སྲས་ཤ་ལོ་མོ་་ཨིས་ར་ཨེལ་གྱི་རྒྱལ་པོར་བཅུག་གོ།༢ ཡང་ཁོང་གིས་ཨིས་ར་ཨེལ་གྱི་དཔོན་པོ་དང་། བླ་མ་དང་། ལེ་ཝི་པ་ཚང་མ་བསྡུས་ནས། ༣ ལེ་ཝི་པ་ལོ་སུམ་ཅུའམ་ཐལ་བ་རྣམས་བགྲངས་ནས། གཅིག་རྩིས་གཉིས་རྩིས་ཀྱིས་སྟོང་ཕྲག་སོ་བརྒྱད་ཐོན་བྱུང་། ༤ ཡང་དེ་དག་ལས་ཡ་ཧོ་ཝཱའི་མཁར་ལེན་ལ་བལྟ་མཁན་སྟོང་ཕྲག་ཉེར་བཞི་དང་། ཡིག་མཁན་དང་ཁྲིམས་དཔོན་དུ་སྟོང་ཕྲག་དྲུག་དང་། ༥ ཡང་སྒོ་པར་སྟོང་ཕྲག་བཞི་དང་། གཏང་རག་འབུལ་དུ་ངས་བཟོས་པའི་སྒྲ་སྙན་གྱིས་ཡ་ཧོ་ཝཱ་ལ་བསྟོད་དབྱངས་འབུལ་དུ་བཞི་སྟོང་ངོ་གསུངས། ༦ ཡང་དཱ་བིད་ཀྱིས་ཕ་རུས་རེ་རེ་བཞིན་དུ་ལེ་ཝི་པ་རྣམས་གེར་ཤོན་དང་། ཀོ་ཧད་དང་། མེ་རཱ་རིའི་ནང་དུ་བགོས་ནས།
༧ གེར་ཤོན་པའི་ནང་ནས་ལཱ་དན་དང་། ཤི་མེ་ཨི་གཉིས། ༨ ལཱ་དན་གྱི་བུ་ཆེ་བ་ཡེ་ཧི་ཨེལ་དང་། བར་པ་ཟེ་ཐམ་དང་། ཡོ་ཨེལ་བཅས་པ་གསུམ། ༩ ཤི་མེ་ཨི་ཡི་བུ་ཤེ་ལོ་མིད་དང་། ཧ་ཟི་ཨེལ་དང་། ཧ་རན་དང་གསུམ་སྟེ། དེ་རྣམས་ལཱ་དན་ཕ་ཚན་གྱི་འགོ་བྱེད་རྣམས་སོ། ༡༠ ཡང་ཤི་མེ་ཨི་ཡི་བུ་ཡ་ཧད་དང་། ཟི་ནཱ་དང་། ཡེ་ཧུས་དང་། བེ་རི་ཡཱ་བཅས་བཞི། དེ་བཞི་པོ་ཤི་མེ་ཨི་ཡི་བུའོ། ༡༡ ཆེ་བ་ཡ་ཧད་དང་། བར་པ་ཟི་ནཱ་སྟེ། ཡེ་ཧུས་དང་བེ་རི་ཡཱ་ལ་བུ་མང་མེད་པས། དེ་གཉིས་པོ་ནི་ཕ་སྤུན་གྱི་རྩིས་བཞིན་དུ་ཕ་བརྒྱུད་གཅིག་ཏུ་བརྩིས་པ་ཡིན།
༡༢ ཀོ་ཧད་ཀྱི་བུ་ཨམ་རམ་དང་། ཡིས་ཧར་དང་། ཧེབ་རོན་དང་། ཨུ་ཟི་ཨེལ་བཅས་བཞི། ༡༣ ཨམ་རམ་གྱི་བུ་ཨ་རོན་དང་། མོ་ཤེ་བཅས་གཉིས། ཨ་རོན་དང་དེའི་བུ་བརྒྱུད་ཀྱིས་དུས་རྒྱུན་དུ་ཡོ་བྱད་རབ་ཏུ་དམ་པ་རྣམས་དམ་པར་བྱེད་ཅིང་། ཡ་ཧོ་ཝཱའི་དྲུང་དུ་སྤོས་བདུག་པ་དང་། ཁོང་ལ་བདག་རྐྱེན་བྱེད་པ་དང་། ཁོང་གི་མཚན་བརྗོད་ཅིང་དུས་རྟག་ཏུ་བྱིན་རླབས་གཏོང་དུ་སོ་སོར་ཕྱེ་སྟེ་བཞག་གོ། ༡༤ དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་བུ་རྣམས་ནི་ལེ་ཝིའི་སྡེའི་ཁོངས་སུ་བརྩིས་སོ། ༡༥ མོ་ཤེའི་བུ་གེར་ཤོམ་དང་། ཨེ་ལི་ཨེ་ཟེར་དང་གཉིས་སོ། ༡༦ གེར་ཤོམ་གྱི་བུ་ཆེ་བ་ཟེ་བུ་ཨེལ་སྟེ། ༡༧ ཨེ་ལི་ཨེ་ཟེར་གྱི་བུ་རེ་ཧབ་ཡཱ་བྱ་བའི་འགོ་བྱེད་ཡིན། ཨེ་ལི་ཨེ་ཟེར་ལ་བུ་གཞན་མེད་ནའང་། རེ་ཧབ་ཡཱ་ལ་བུ་མང་དུ་ཡོད་པ་ཡིན། ༡༨ ཡིས་ཧར་གྱི་བུ་འགོ་བྱེད་ཤེ་ལོ་མིད། ༡༩ ཧེབ་རོན་གྱི་བུ་ཆེ་བ་ཡེ་རི་ཡཱ་དང་། བར་པ་ཨ་མར་ཡཱ་དང་། གསུམ་པ་ཡ་ཧ་ཟི་ཨེལ་དང་། ཐ་ཆུང་ཡེ་ཀ་མེ་ཨམ་དང་བཞིའོ། ༢༠ ཨུ་ཟི་ཨེལ་གྱི་བུ་ཆེ་བ་མི་ཀཱ་དང་། ཆུང་བ་ཡིས་སི་ཡཱ།
༢༡ མེ་རཱ་རིའི་བུ་ནི་མག་ལི་དང་མུ་ཤི་བཅས་གཉིས་སོ། མག་ལིའི་བུ་ཨེལ་ཨ་ཟར་དང་ཀིས་གཉིས་སོ། ༢༢ ཡང་ཨེལ་ཨ་ཟར་ཚེ་འདས་ནས། བུ་མེད་དེ། བུ་མོ་རྣམས་ཡོད་པས། དེ་དག་གི་སྤུན་ཀིས་ཀྱི་བུ་རྣམས་ཀྱིས་མནའ་མར་བླངས་སོ། ༢༣ མུ་ཤིའི་བུ་མཱ་ལི་དང་། ཨེ་དེར་དང་། ཡེ་རེ་མོད་བཅས་གསུམ་མོ༎
༢༤ དེ་རྣམས་ནི་ཕ་བརྒྱུད་བཞིན་དུ་ལེ་ཝིའི་བུའམ། མིང་གསལ་དུ་གཅིག་རྩིས་གཉིས་རྩིས་ཀྱིས་བགྲངས་ཏེ་དེ་དག་གི་ཕ་སྤད་ཀྱི་འགོ་བྱེད་རྣམས་སོ། དེ་དག་ལོ་ཉི་ཤུ་འམ། ཉི་ཤུ་ཐལ་བ་ནས་ཡ་ཧོ་ཝཱའི་ཕོ་བྲང་གི་བདག་རྐྱེན་བྱས་པ་ཡིན། ༢༥ དེ་ཅིའི་ཕྱིར་ཞེ་ན། དཱ་བིད་ཀྱིས་གསུངས་པ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཉིད་ཀྱི་མི་སྡེ་ལ་དུས་བདེ་གནང་བས། ཁོང་ཡེ་རུ་ཤ་ལེམ་དུ་གཏན་དུ་བཞུགས་པར་འགྱུར། ༢༦ ལེ་ཝི་པ་ལའང་། ད་ནས་ཕྱིན་དུ་གུར་མཆོག་དང་། རིམ་གྲོ་བྱེད་པའི་ཡོ་བྱད་རྣམས་སྐྱེལ་དགོས་འབྱུང་བར་མི་འགྱུར་རོ་གསུངས་པས། ༢༧ དཱ་བིད་ཀྱི་བཀའ་རྟིང་མ་བཞིན་དུ་ལེ་ཝི་པ་རྣམས་ལོ་ཉི་ཤུའམ་ཉི་ཤུ་ཐལ་བ་རྣམས་ཐོ་ནང་བརྩིས་པ་ཡིན་ཏེ། ༢༨ ཡ་ཧོ་ཝཱའི་ཕོ་བྲང་ལ་བདག་རྐྱེན་བྱེད་པ་དང་། ཁྱམས་དང་། ནང་ཆུང་རྣམས་ལ་བལྟ་བ་དང་། མཆོད་རྫས་དམ་པ་ལ་བྱི་དོར་བྱེད་པའི་ཕྱིར་དུ་ཨ་རོན་གྱི་བུ་རྣམས་ཀྱི་ལག་གཡོག་ཡིན་ཏེ། ༢༩ ཡང་གཟིགས་པའི་བག་ལེབ་དང་། རྒྱ་ཞིབ་ཀྱི་ཞལ་ཟས་དང་རུ་མ་མེད་པའི་བག་ལེབ་དང་། སླང་བ་ལ་བཙོ་མཁན་དང་། འཁུར་ར་དང་། སྒར་ཚང་དང་བཏབ་ཚད་ཀྱི་རིགས་སུ་རུང་བ་ལྟ་བ་དང་། ༣༠ ནང་རེ་དགོང་རེ་བཞིན་འགྲེང་ཞིང་ཡ་ཧོ་ཝཱ་ལ་གཏང་རག་དང་བསྟོད་པ་འབུལ་བ་དང་། ༣༡ ཤབ་བཱད་དང་། ཟླ་ཚེས་དང་། དུས་མཆོད་ཀྱི་དུས་སུ་ཡ་ཧོ་ཝཱ་ལ་གྲལ་རེས་ཀྱི་བཀའ་བཀོད་དང་བསྟུན་ནས་བརྩིས་ནས། དུས་རྟག་ཏུ་སྦྱིན་སྲེག་གི་མཆོད་པ་རྣམས་ཡ་ཧོ་ཝཱའི་ཞལ་སྔར་འབུལ་བ་དང་། ༣༢ ཚོགས་ཀྱི་གུར་མཆོག་གི་ཁག་དང་། གནས་དམ་པའི་ཁག་དང་། རང་གི་སྤུན་ཨ་རོན་གྱི་བུ་རྣམས་ཀྱི་བཅོལ་མའི་ཁག་འཁུར་ཞིང་། ཡ་ཧོ་ཝཱའི་ཕོ་བྲང་ལ་བདག་རྐྱེན་བྱེད་པ་ནི་དེ་དག་གི་ལས་ཚན་ཡོད་པ་ཡིན་ནོ༎