༢༢
ཡང་དཱ་བིད་ཀྱིས། འདིར་ཡ་ཧོ་ཝཱ་དཀོན་མཆོག་གི་ཕོ་བྲང་དང་། ཨིས་ར་ཨེལ་གྱི་སྦྱིན་སྲེག་གི་མཆོད་ཁྲི་ཡོད་པར་འགྱུར་རོ་གསུངས་ནས།
 དཱ་བིད་ཀྱིས་ཨིས་ར་ཨེལ་ཡུལ་དུ་ཡོད་པའི་རྒྱལ་ཁམས་པ་རྣམས་སོག་པར་བཀའ་བཀོད་ནས། དཀོན་མཆོག་གི་ཕོ་བྲང་བཞེང་བ་ལ་རྡོ་གཞོག་པའི་ཕྱིར་རྩིག་དཔོན་རྣམས་བཞག་གོ།  ཡང་དཱ་བིད་ཀྱིས་རྟ་སྒོ་རྣམས་ཀྱི་སྒོའི་དོན་དུ་གཟེར་དང་འཁོར་མིག་གི་ཕྱིར་དུ་ལྕགས་ཤིན་ཏུ་མང་པོ་དང་། ར་གན་གཞལ་དུ་མེད་པ་མང་པོ་བཤམས་ནས་བཞག་གོ།  ཚོར་དང་ཚི་དོན་པས་དཱ་བིད་ལ་འགྱམ་ཤིང་མང་དུ་དྲངས་པས། འགྱམ་ཤིང་ཐིག་མེད་མང་པོ་བཞག་གོ།  དེར་དཱ་བིད་ཀྱི་ཞལ་ནས། ངའི་བུ་ཤ་ལོ་མོ་ན་སོ་ཕྲ་ཞིང་ལོ་གཞོན་ཡང་། ཡ་ཧོ་ཝཱའི་དོན་དུ་བཞེང་བྱའི་གཞལ་ཡས་ཁང་དེ་ནི་ཡུལ་ཐམས་ཅད་དུ་མིང་དང་གྲགས་པ་ཆེ་བ་དང་ལྡན་པའི་ཕྱིར་དུ། ཁྱད་མཚར་ཆེ་བ་ཞིག་ཡོད་པའི་རིགས་པས། ད་ལྟ་ངས་དེའི་ཕྱིར་ཤོམ་པར་བྱའོ། གསུངས་ནས། དཱ་བིད་མ་གྲོངས་པའི་གོང་དུ་གྲལ་རྒྱ་ཆེན་པོ་མཛད་དོ།
 དེ་ནས་དཱ་བིད་ཀྱིས་རང་གི་སྲས་ཤ་ལོ་མོ་བོས་ནས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་གཞལ་ཡས་ཁང་ཞིག་བཞེང་དུ་བཀའ་སྩལ་མཛད་དེ།  དཱ་བིད་ཀྱིས་ཤ་ལོ་མོ་ལ། ངའི་བུ། བདག་གི་དཀོན་མཆོག་ཡ་ཧོ་ཝཱའི་མཚན་དང་ལྡན་པའི་ཕོ་བྲང་ཞིག་བཞེང་སྙིང་བདག་ལ་ཡོད་རུང་།  བདག་ལ་ཡ་ཧོ་ཝཱའི་གསུང་བྱོན་ནས། ཁྱོད་ཀྱིས་མི་ཁྲག་མང་ཙམ་ཕོས་ནས། དམག་འཐབ་ཆེན་པོ་བརྒྱབས་ཏེ། ངའི་མདུན་དུ་མི་ཁྲག་ས་གཞིའི་ཐོག་ཏུ་ལྷག་པར་དུ་ཕོས། དེའི་ཕྱིར་ཁྱོད་ཀྱིས་ངའི་མཚན་དང་ལྡན་པའི་ཕོ་བྲང་རྩིག་པར་མི་བྱ་སྟེ།  ཀྱེ་ཧོ། ཁྱོད་ལ་བུ་ཞིག་བཙའ། དེ་ནི་ཞི་བའི་སྐྱེ་བོ་ཞིག་འབྱུང་ཞིང་། དེའི་ཕྱོགས་བཞིའི་དགྲ་བོ་ཐམས་ཅད་ངས་དེ་དང་འཆམ་པོར་གཞག དེའི་མིང་དུ་ཤ་ལོ་མོའམ་བདེ་ལྡན་བྱ། དེའི་དུས་སུ་ངས་ཨིས་ར་ཨེལ་ལ་དུས་བདེ་ས་འཇམ་སྦྱིན་པར་བྱ་སྟེ། ༡༠ དེས་ངའི་མཚན་དང་ལྡན་པའི་ཕོ་བྲང་ཞིག་བརྩིག་པར་བྱ། དེ་ངའི་སྲས་བུ་དང་། ང་དེའི་ཡབ་ཏུ་འགྱུར། ཨིས་ར་ཨེལ་གྱི་སྟེང་དུ་ངས་དེའི་རྒྱལ་ཁྲི་དུས་གཏན་གྱི་ཕྱིར་འཇགས་སུ་གཞུག་གོ། ཅེས་གསུངས་པས།
༡༡ ད་ངའི་བུ། ཡ་ཧོ་ཝཱ་ཁྱོད་དང་འགྲོགས་ཤིང་དོན་གྲུབ་པར་ཤོག ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བསྒོ་བ་བཞིན་དུ། ཁོང་གི་གཞལ་ཡས་ཁང་དེ་བཞེང་བར་བྱོས་ཤིག ༡༢ ཁྱོད་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་རྒྱ་སྲུང་བའི་དོན་དུ། ཡ་ཧོ་ཝཱས་ཁྱོད་ལ་ཤེས་རབ་དང་བློ་གྲོས་གནང་ཞིང་། ཨིས་ར་ཨེལ་ཁྱོད་ཀྱི་ལག་ཏུ་གཏོད་པར་ཤོག ༡༣ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དོན་དུ་མོ་ཤེ་ལ་བསྒོ་བའི་སྤྱད་མཚམས་དང་བཀའ་ཁྲིམས་དེ་སྒྲུབ་པར་ནན་ཏན་བྱེད་ན། ཁྱོད་ཀྱི་བསམ་དོན་འགྲུབ་པར་འགྱུར་བས། བརྟན་པོ་བྱོས། སྙིང་རུས་སྐྱེད་ཅིག མ་འཇིགས། མ་ཚབས་ཤིག ༡༤ ད་ལྟོས་དང་། ངས་དཀའ་ལས་ཆེན་པོས་ཡ་ཧོ་ཝཱའི་ཕོ་བྲང་གི་ཕྱིར་གསེར་གྱི་རྡོ་ཚད་འབུམ་ཕྲག་གཅིག་དང་། དངུལ་གྱི་རྡོ་ཚད་འབུམ་ཕྲག་བཅུ་དང་། རག་དང་ལྕགས་དཔག་ཏུ་མེད་པ་བཤམས་ཏེ། རབ་ཏུ་མང་པོ་ཡོད། གདུང་མ་དང་རྡོ་བ་ཡང་ངས་བཤམས་ནས། ཁྱོད་ཀྱིས་དེ་རྣམས་ཀྱི་ཁར་ཡང་སྣོན་ཞིག ༡༥ དེ་མ་ཟད་པར། རྡོ་བ་གཅོག་མཁན་དང་། རྡོ་གཞོག་མཁན་དང་། ཤིང་མཁན་དང་། བཟོ་རིགས་མཐའ་དག་ལ་མཁས་པའི་ལག་ཤེས་དུ་མ་ཁྱོད་ཀྱི་དྲུང་ན་ཡོད། ༡༦ ཐིག་ཚད་མེད་པའི་གསེར་དངུལ་རག་ལྕགས་ཡོད་པས། ལོངས་ལ། མཁར་ལས་གྱིས་ཤིག ཡ་ཧོ་ཝཱ་ཁྱོད་དང་འགྲོགས་པར་ཤོག་ཅིག གསུངས་ནས།
༡༧ དཱ་བིད་ཀྱིས་རང་གི་སྲས་ཤ་ལོ་མོ་ལ་ལས་གྲོགས་བྱེད་དུ། ཨིས་ར་ཨེལ་གྱི་སྐུ་དྲག་ཀུན་ལ་བཀའ་སྩལ་ཞིང་ན་རེ། ༡༨ ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ནི་ཁྱོད་རྣམས་དང་འགྲོགས་ནས་མེད་དམ། ཕྱོགས་བཞི་ནས་ཁྱོད་རྣམས་ལ་དུས་བདེ་མ་གནང་ངམ། ཇི་ལྟར་དུ་ཞེ་ན། ཁོང་གིས་ཡུལ་འདིའི་སྔ་མའི་ཡུལ་མི་རྣམས་ངའི་ལག་ཏུ་གཏད་ཏེ། ད་ཡ་ཧོ་ཝཱ་དང་ཁོང་གི་མི་སྡེའི་མདུན་དུ་ཡུལ་ཁམས་འདི་བཏུལ་ཡོད་པས། ༡༩ ད་ཡ་ཧོ་ཝཱ་རང་གི་དཀོན་མཆོག་དེ་འཚོལ་དུ་སྙིང་སྐྱེད་དང་སེམས་སྐྱེད་གྱིས་ཤིག་དང་། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དང་། དཀོན་མཆོག་གི་མཆོད་རྫས་དམ་པ་རྣམས་ཡ་ཧོ་ཝཱའི་མཚན་དང་ལྡན་པའི་ཕོ་བྲང་ལ་འཇོག་པར་ལོངས་ལ། ཡ་ཧོ་ཝཱ་དཀོན་མཆོག་གི་གཙང་ཁང་རྩིག་ཤིག ཅེས་བསྒོའོ༎