༢༡
དེ་ནས་སཱ་ཏན་བདུད་ཨིས་ར་ཨེལ་གྱི་དགྲར་ལངས་ཏེ། དཱ་བིད་ལ་ཨིས་ར་ཨེལ་པའི་གྲངས་རྩི་རུ་ཀུན་སློང་བྱས་པས། ༢ དཱ་བིད་ཀྱིས་ཡོ་ཨབ་དང་། མི་སྡེའི་འགོ་བྱེད་རྣམས་ལ། ངས་མི་གྲངས་ཚོད་ཕྱིར་སོང་ལ། དཱན་ནས་བེ་ཨེར་ཤེ་བཱའི་བར་དུ་ཨིས་ར་ཨེལ་གྱི་མི་གྲངས་རྩིས་ཤིག་སྨྲས་པ་དང་། ༣ ཡོ་ཨབ་ཀྱིས་ལན་དུ། ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་ད་ལྟ་ཡོད་པ་ལས་བརྒྱ་ལྡབ་མང་དུ་འཕེལ་བར་མཛོད་ཅིག ཀྱེ་ངའི་ཇོ་བོ་རྒྱལ་པོ་ལགས། དེ་ཐམས་ཅད་ངའི་ཇོ་བོའི་ཆབ་འབངས་མིན་ནམ། ངའི་ཇོ་བོས་དེ་ལྟར་ཅི་ལ་གསུང་བར་བྱེད། ཁྱེད་ཉིད་ཀྱིས་ཨིས་ར་ཨེལ་ལ་སྡིག་པའི་རྐྱེན་དུ་འགྱུར་བ་དེ་ཅིའི་ཕྱིར་མཛད། ཅེས་ཞུས་མོད། ༤ རྒྱལ་པོའི་བཀའ་ཡོ་ཨབ་ལ་བཙན་པས། ཡོ་ཨབ་ཐོན་ཏེ། ཨིས་ར་ཨེལ་ཡུལ་ཀུན་ཏུ་འཁོར་ཟིན་ནས། ཡེ་རུ་ཤ་ལེམ་དུ་ལོག་འོངས་སོ། ༥ དཱ་བིད་ལ་མི་གྲངས་ཀྱི་ཐོ་ཕུལ་ཏེ། ཨིས་ར་ཨེལ་ཀུན་ཏུ་རལ་གྲི་འཁུར་བའི་ཕོ་ཁྱོ་ག་འབུམ་ཚོ་བཅུ་གཅིག་དང་། ཡ་ཧུ་དཱ་ལ་རལ་གྲི་འཁུར་བའི་ཕོ་ཁྱོ་ག་འབུམ་ཚོ་བཞི་དང་སྟོང་ཕྲག་བདུན་བཅུ་ཐོན། ༦ འོན་ཀྱང་རྒྱལ་པོའི་བཀའ་ལ་ཡོ་ཨབ་ཞེན་པ་ལོག་པས། དེ་དག་གི་ཁྲོད་དུ་ལེ་ཝི་པ་དང་བེན་ཡ་མིན་མ་བགྲངས་སོ༎༧ ཡང་བྱ་བ་དེ་ལ་དཀོན་མཆོག་ཐུགས་མ་མཉེས་པས། ཨིས་ར་ཨེལ་དྲལ་བར་མཛད་དོ། ༨ དེ་ནས་དཱ་བིད་ཀྱིས་དཀོན་མཆོག་ལ། བདག་གིས་བྱས་པའི་ལས་འདི་ཉེས་སྡིག་ཆེན་པོར་གྱུར་ཏེ། བདག་གིས་ཤིན་ཏུ་བླུན་པོའི་ཚུལ་དུ་བྱས་པས། ཁྱེད་ཀྱི་བྲན་པོའི་ལྟུང་བ་འདི་བཤགས་པར་མཛོད་ཅིག་ཅེས་གསོལ་ཏོ། ༩ དེ་ནས་ཡ་ཧོ་ཝཱས་དཱ་བིད་ཀྱི་མངོན་ཤེས་པ་གད་ལ། ༡༠ སོང་ལ་དཱ་བིད་ལ། ཡ་ཧོ་ཝཱས་ཁྱོད་ལ་འདི་སྐད་གསུང་། ངས་ཁྱོད་ཀྱི་མདུན་དུ་བྱ་བ་གསུམ་འཇོག་པས། དེ་གསུམ་གྱི་ནང་ནས་གཅིག་འདོམས་ཤིག་དང་། ངས་དེ་བཞིན་དུ་ཁྱོད་ལ་བྱའོ། ཞེས་སྦྲོན་པར་བྱོས་ཤིག་གསུངས་པ་དང་།
༡༡ གད་་དཱ་བིད་ཀྱི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་འདི་ལྟར་གསུང་། ད་འདོམས་ཤིག ༡༢ ལོ་གསུམ་གྱི་མུ་གེའམ། ཡང་ན་ཟླ་གསུམ་ཁྱོད་རང་གི་དགྲ་བོ་རྣམས་ཀྱི་རལ་གྲིའི་མདུན་ལས་འབྲོས་ཤིང་རལ་གྲིས་ཁྱོད་སྣད་པའམ། ཡང་ན་ཉིན་ཞག་གསུམ་ཡ་ཧོ་ཝཱའི་རལ་གྲི་རིམས་ནས་ཡུལ་ལ་འབྱུང་ཞིང་། ཡ་ཧོ་ཝཱའི་ཕོ་ཉས་ཨིས་ར་ཨེལ་གྱི་ས་མཚམས་ནང་ཆུད་ཚང་མ་མེད་པར་བྱེད་པར་འདོད་དམ། ད་ང་མངགས་མཁན་ལ་ཞུ་ལན་ཅི་འཁྱེར། བསམ་བློ་ཐོང་ཞིག བསྒོ་བ་དང་། ༡༣ དཱ་བིད་ཀྱིས་གད་ལ། བདག་ནི་ལྟེམ་པ་ཞིག་ནང་འཁད་བྱུང་། མིའི་ལག་ཏུ་ལྟུང་བ་བས། ཡ་ཧོ་ཝཱ་ཐུགས་རྗེ་ཆེ་བས། ཁོང་གི་ཕྱག་གི་ནང་འཁད་པ་ལ་དགའ་འོ། ཞེས་ཞུས་པ་དང་།
༡༤ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ནང་དུ་རིམས་ནད་མངགས་ནས། ཨིས་ར་ཨེལ་གྱི་ནང་ནས་མི་བདུན་ཁྲི་ཚེ་འདས་སོ། ༡༥ ཡང་ཡ་ཧོ་ཝཱས་ཡེ་རུ་ཤ་ལེམ་ཚར་གཅོད་དུ་ཕོ་ཉ་ཞིག་མངགས་ནས། དེས་ཚར་གཅོད་པར་ལངས་པ་དང་། ཡ་ཧོ་ཝཱས་གཟིགས་ནས། བར་ཆད་དེའི་ཕྱིར་ཐུགས་འགྱོད་ཅིང་། ཚར་གཅོད་པའི་ཕོ་ཉ་དེ་ལ། ད་ཆོག ལག་པ་སྐུམ་པར་བྱོས་ཤིག ཅེས་བསྒོའོ། དེའི་ཚེ་ཡ་ཧོ་ཝཱའི་ཕོ་ཉ་དེ་ཡེ་བུས་པ་ཨོར་ནན་གྱི་གཡུལ་ཐང་གི་ཁར་འགྲེང་ཞིང་ཡོད་པ་ཡིན། ༡༦ དེ་ནས་དཱ་བིད་ཀྱིས་མིག་བཏེགས་པ་ལས། ཡ་ཧོ་ཝཱའི་ཕོ་ཉ་དེ་གནམ་ས་གཉིས་ཀྱི་བར་སྣང་ན་ལག་གིས་རལ་གྲི་གདེང་ཞིང་། ཡེ་རུ་ཤ་ལེམ་ཕྱོགས་སུ་སྤར་ཞིང་འགྲེང་ཡོད་པར་མཐོང་བ་དང་། དཱ་བིད་དང་ཨིས་ར་ཨེལ་གྱི་རྒན་མི་དམངས་ཀྱིས་རྩྭ་ཕད་གྱོན་ནས་ཁ་འབུབ་ལོག་སྟེ། ༡༧ དཱ་བིད་ཀྱིས་དཀོན་མཆོག་ལ། མི་སྡེ་རྩིས་ཤིག་ཟེར་མཁན་དེ་བདག་མིན་ནམ། སྡིག་པ་བྱས་པ་དེ་བདག་ཡིན། བདག་གིས་ལས་ངན་བྱས་པར་ངེས་ཀྱིས། ལུག་འདི་དག་གིས་ཅི་བྱས། ཀྱེ་ཡ་ཧོ་ཝཱ། བདག་གི་དཀོན་མཆོག དེའི་ཕྱིར་མི་སྡེ་ལ་རིམས་ནད་མ་གནང་བར། བདག་དང་བདག་གི་ཕ་ཚན་ལ་ཕྱག་འདེགས་པར་མཛད་དུ་གསོལ་ལོ་ཞེས་ཞུས་སོ༎
༡༨ དེ་ནས་ཡ་ཧོ་ཝཱའི་ཕོ་ཉས་གད་ལ། ཡེ་བུས་པ་ཨོར་ནན་གྱི་གཡུལ་ཐང་དུ་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཞེང་བའི་ཕྱིར་དཱ་བིད་ལ་ཡར་སོང་ཞིག་ཅེས་ཟེར་ཞིག་ཅེས་བསྒོ་བ་དང་། ༡༩ དཱ་བིད་ནི་གད་ཀྱིས་ཡ་ཧོ་ཝཱའི་མཚན་ནས་བརྗོད་སྨྲས་པ་བཞིན་དུ་ཡར་སོང་བ་དང་། ༢༠ ཨོར་ནན་གྱིས་ཕྱི་མིག་བསྒྱུར་ནས། ཕོ་ཉ་དེ་མཐོང་བ་དང་། རང་གི་བུ་བཞི་དང་བཅས་སུ་ཡིབས་སོ། དེའི་དུས་སུ་ཨོར་ནན་གྲོ་སྐོར་གྱིན་ཡོད་པ་ཡིན་ནོ། ༢༡ དཱ་བིད་་ཨོར་ནན་གྱི་རྩར་བསླེབས་ནས། ཨོར་ནན་གྱིས་བལྟས་ཏེ། དཱ་བིད་མཐོང་ནས་གཡུལ་ཐང་ནས་ཐོན་ཏེ། དཱ་བིད་ལ་ཆོས་ཕྱག་བཙལ་ཏོ། ༢༢ དེར་དཱ་བིད་ཀྱིས་ཨོར་ནན་ལ། ངས་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་རྩིག་རྒྱུར་གཡུལ་ཐང་གི་ས་ཆ་འདི་ང་ལ་སྦྱིན་ཞིག མི་སྡེའི་རིམས་ནད་ཆད་དུ། རིན་ཚང་པོ་བླངས་ཏེ། ང་ལ་སྦྱིན་པར་གྱིས་ཤིག་སྨྲས་སོ། ༢༣ ཨོར་ནན་གྱིས་དཱ་བིད་ལ། ཁྱེད་ཀྱིས་བཞེས་ཤིག ངའི་ཇོ་བོ་རྒྱལ་པོའི་གཟིགས་ངོར་གང་ལེགས་མཛད་འཚལ། གཟིགས་ཤིག སྦྱིན་སྲེག་གི་ཕྱིར་གླང་རྣམས་དང་། བུད་ཤིང་ལ་གཡུལ་ཐང་གི་ཆས་དང་། ཞལ་ཟས་ཀྱི་མཆོད་པའི་ཕྱིར་གྲོ་བཅས་ཐམས་ཅད་ངས་ཁྱེད་ལ་འབུལ་ལོ་ཞུས་ཀྱང་། ༢༤ རྒྱལ་པོ་དཱ་བིད་ཀྱིས་ཨོར་ནན་ལ། དེ་ལྟར་མི་བྱ། ངས་དེ་ལ་རིན་ཚང་པོ་བཅལ་ནས་ཉོ་ངེས་ཡིན། ངས་རིན་མ་སྤྲད་པའི་སྦྱིན་སྲེག་མི་འབུལ་བས། ངས་ཡ་ཧོ་ཝཱའི་ཕྱིར་དུ་ཁྱོད་ཀྱི་ནོར་དེ་མི་བླང་ངོ་། སྨྲས་ནས། ༢༥ དཱ་བིད་ཀྱིས་ཨོར་ནན་ལ་གསེར་སྲང་དྲུག་བརྒྱ་བསྐར་ནས་བྱིན་ཏོ། ༢༦ དེ་ནས་དཱ་བིད་ཀྱིས་དེར་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཞེངས་ནས། སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏེ། ཡ་ཧོ་ཝཱ་ལ་གསོལ་བ་བཏབ་པས། སྦྱིན་སྲེག་གི་མཆོད་ཁྲིའི་ཐོག་ཏུ་ནམ་མཁའ་ལས་མེ་ཕབ་པའི་ངང་ནས་ཁོང་གིས་བཀའ་ལན་གནང་ངོ་། ༢༧ དེར་ཡ་ཧོ་ཝཱས་ཕོ་ཉ་དེ་ལ་བཀའ་སྩལ་ནས། དེས་རང་གི་རལ་གྲི་ཤུབས་ཀྱི་ནང་དུ་བཅུག་གོ།
༢༨ དེའི་དུས་སུ་དཱ་བིད་ཀྱིས། ཡ་ཧོ་ཝཱས་ཡེ་བུས་པ་ཨོར་ནན་གྱི་གཡུལ་ཐང་དུ་རང་ལ་བཀའ་ལན་སྩལ་བར་མཐོང་ནས། དེར་མཆོད་པ་ཕུལ་པ་ཡིན། ༢༩ གང་ལ་ཞེ་ན། མོ་ཤེས་འབྲོག་སྟོང་དུ་བཟོས་པའི་ཡ་ཧོ་ཝཱའི་གུར་མཆོག་དང་སྦྱིན་སྲེག་གི་མཆོད་ཁྲི་ནི། དེའི་དུས་སུ་གི་བེ་ཨོན་གྱི་མཐོ་གླིང་དུ་ཡོད་པ་ཡིན། ༣༠ འོན་ཀྱང་དཱ་བིད་ཡ་ཧོ་ཝཱའི་ཕོ་ཉ་དེའི་རལ་གྲིས་འཇིགས་པས། དེར་དཀོན་མཆོག་ལས་བརྟག་པ་ཞུ་རུ་འགྲོ་བར་མ་སྤོབས་སོ༎