༢༠
ཡང་ལོ་གཅིག་ཁྱིར་འཁོར་སོང་བ་དང་། རྒྱལ་པོ་རྣམས་དམག་འདེགས་པའི་དུས་རན་ནས། ཡོ་ཨབ་ཀྱིས་དམག་དཔུང་ཤུགས་ལྡན་དེ་ཁྲིད་ནས། ཨམ་མོན་གྱི་བུ་བརྒྱུད་ཀྱི་ཡུལ་བཤིག་ནས་འོངས་ཏེ་རབ་བཱ་ལ་དམག་སྐོར་བཏང་ནས་བསྡད། འོན་ཀྱང་དཱ་བིད་་ཡེ་རུ་ཤ་ལེམ་དུ་བཞུགས་སོ། དེ་ནས་ཡོ་ཨབ་ཀྱིས་རབ་བཱ་དྲལ་ནས། ཡུལ་སྟོང་དུ་བྱས། ༢ དཱ་བིད་ཀྱིས་ཡུལ་དེའི་རྒྱལ་པོའི་མགོ་ལས་ཅོད་པན་ཕྲོག་སྟེ། དཱ་བིད་ཀྱི་དབུ་ལ་གསོལ་ཏོ། རྡོ་བ་རིན་པོ་ཆེས་སྤྲས་པའི་ཅོད་པན་དེའི་སྐར་ཁ་ནི་གསེར་གྱི་རྡོ་ཚད་གཅིག་གི་ལྕིད་ཡོད་པ་ཡིན། ཁོང་གིས་གྲོང་ཁྱེར་དེ་ལས་ནོམ་པ་དཔག་མེད་ཁྱེར་ཏོ། ༣ ཁོང་གིས་དེའི་ནང་ན་ཡོད་པའི་མི་རྣམས་ཕྱི་རོལ་དུ་ཁྱེར་ནས། སོག་ལེ་དང་། ལྕགས་ཀྱི་གསལ་ཤིང་དང་། དགྲ་སྟས་བཏུབ་ནས། དཱ་བིད་ཀྱིས་ཨམ་མོན་གྱི་བུ་བརྒྱུད་ཀྱི་གྲོང་ཁྱེར་ཐམས་ཅད་ལ་དེ་དང་འདྲ་བར་བྱས་ཏེ། དཱ་བིད་དང་མི་སྡེ་ཚང་མ་ཡེ་རུ་ཤ་ལེམ་དུ་གདན་འཁོར་བ་ཡིན།༤ དེའི་འོག་ཏུ་གེ་ཟེར་དུ་ཕེ་ལེ་ཤེད་པ་རྣམས་དང་འཐབ་འཛིང་བྱུང་ནས། ཧུ་ཤད་པ་སིབ་བེ་ཀཱ་ཨི་བྱ་བ་དེས། གྱད་པའི་བུ་རྣམས་ལས་ཡིན་པའི་སིབ་པཱ་ཨི་བྱ་བ་དེ་བསད་དེ། ཕེ་ལེ་ཤེད་པ་བཏུལ་ཏོ། ༥ དེའི་རྗེས་སུ་སླར་ཡང་གེ་ཟེར་དུ་ཕེ་ལེ་ཤེད་པ་དང་འཐབ་མོ་འཐོན་ནས། ཡ་ཨིར་གྱི་བུ་ཨེལ་ཧ་ནན་གྱིས་དེར་གད་པ་གོལ་ཡད་ཀྱི་ནུ་བོ་ལཱ་མི་བྱ་བ་ཐགས་མཁན་གྱི་གདུང་མ་ལྟ་བུའི་མདུང་ཐོགས་ཡོད་པ་དེ་བསད་དོ། ༦ དེ་ནས་ཡང་གད་ཡུལ་དུ་འཐབ་མོ་ཞིག་བྱུང་ནས། དེ་རུ་མི་སྒོ་རིང་མོ་ཞིག་ཡོད་པ་ལ། རྐང་ལག་རེ་རེ་ལ་མཐེབ་དྲུག་ཡོད་པས། ཀུན་སྡོམ་སོར་མོ་ཉི་ཤུ་རྩ་བཞི་ཡོད་པ་ཡིན། དེ་ཡང་གྱད་པའི་བུ་སྟེ། ༧ དེས་ཨིས་ར་ཨེལ་ལ་སྐུར་ལན་བཏབ་པའི་ཚེ་ན། དཱ་བིད་ཀྱི་སྐུ་མཆེད་ཤི་མེ་ཨ་ཡི་བུ་ཡོ་ན་ཐན་གྱིས་དེ་བཀུམ་མོ། ༨ གད་ཀྱི་གྱད་པ་ལས་ཆད་པའི་མི་བཞི་པོ་དེ་ནི། དཱ་བིད་དང་ཁོང་གི་འཁོར་གཡོག་གི་ལག་པ་ལས་ཤི་བར་གྱུར་ཏོ༎