༡༩
བྱ་བ་དེའི་འོག་ཏུ་ཨམ་མོན་གྱི་བུ་བརྒྱུད་ཀྱི་རྒྱལ་པོ་ནཱ་ཧས་ཤི་བ་དང་། དེའི་མལ་དུ་དེའི་སྲས་རྒྱལ་པོར་གྱུར་ཏོ།  དེར་དཱ་བིད་ཀྱིས། ཇི་ལྟར་དེའི་ཡབ་ཀྱིས་ང་ལ་བཀའ་དྲིན་བྱས་པ་བཞིན་དུ། ངས་ནཱ་ཧས་ཀྱི་སྲས་ཧ་ནུན་ལ་དྲིན་གཟོ་བྱའོ་གསུངས་ནས། དེའི་ཡབ་གྲོངས་པའི་དོན་དུ་དཱ་བིད་ཀྱིས་ཉིད་ཀྱི་ཕོ་ཉ་སེམས་གསོ་བར་མངགས་ནས། དཱ་བིད་ཀྱི་ཞབས་ཕྱི་རྣམས་ཨམ་མོན་གྱི་བུ་བརྒྱུད་ཀྱི་ཡུལ་དུ་ཧ་ནུན་གྱི་སེམས་གསོ་རུ་བསླེབས་པ་དང་།  ཨམ་མོན་གྱི་བུ་བརྒྱུད་ཀྱི་ཇོ་བོ་རྣམས་ཀྱིས་ཧ་ནུན་ལ། དཱ་བིད་ཀྱིས་ཁྱེད་ཀྱི་སེམས་གསོ་རུ་མི་རྣམས་བཏང་བ་དེ་ནི། ཁྱེད་ཀྱི་སྣང་ངོར་ཁྱེད་ཀྱི་ཡབ་ལ་ཞེ་ས་བྱེད་དུ་ཡིན་ནོ་ཞེས་དགོངས་སམ། དེ་ལྟར་མ་ལགས་ཏེ། དཱ་བིད་དེས་རང་གི་གཡོག་པོ་འདི་དག་ལྟ་ཉུལ་བྱེད་ཅིང་ཉུལ་ཏེ་འཇོམས་པར་བྱེད་དུ་བཏང་བ་ཡིན་སྨྲས་པས།  ཧ་ནུན་གྱིས་དཱ་བིད་ཀྱི་གཡོག་པོ་རྣམས་བཟུང་ནས། སྨ་ར་བྲེགས། ལུས་ཀྱི་ཕྱེད་འཕོང་ཚོས་མན་ཆེད་བཤགས་ནས། ལམ་དུ་བཅུག་གོ།  དེར་འགའ་ཞིག་སོང་ནས་དཱ་བིད་ལ་མི་དེ་ཚོ་ལ་ཇི་ལྟར་བྱས་པ་བཤད་པ་དང་། ཁོང་གིས་བསུ་མི་མངགས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་རབ་ཏུ་ངོ་ཚ་བར་གྱུར་པས། རྒྱལ་པོས་དེ་ཚོ་ལ། ཁྱོད་ཅག་གི་སྨ་ར་སྐྱེ་བའི་བར་དུ་ཡེ་རི་ཀོ་རུ་སྒུག་བསྡད་ནས་འོང་ཞིག་ཅེས་བསྒོའོ༎
 ཡང་ཨམ་མོན་གྱི་བུ་བརྒྱུད་ཀྱིས། ད་འོ་ཅག་དཱ་བིད་ཀྱི་མདུན་དུ་དྲི་ངན་དུ་གྱུར་བར་རིགས་པས། ཧ་ནུན་དང་། ཨམ་མོན་གྱི་བུ་བརྒྱུད་ཀྱིས་མེ་སོ་པོ་ཏ་མི་ཨ་དང་། ཨ་རམ་གྱི་མ་ཨ་ཀཱ་དང་། ཙོ་བཱ་གསུམ་ལས་རྟ་པ་དང་། ཤིང་རྟ་རྣམས་ཀྱི་གླའི་ཕྱིར། དངུལ་གྱི་རྡོ་ཚད་སྟོང་ཕྲག་ཅིག་བསྐུར་ནས།  དེ་ལྟར་དེ་དག་གིས་མ་ཨ་ཀཱ་ཡི་རྒྱལ་པོ་དང་། དེ་ཡི་མི་སྡེ་ལས་ཤིང་རྟ་སྟོང་ཕྲག་སུམ་ཅུ་སོ་གཉིས་གླ་ལ་བཞག་ནས། དེ་དག་འོངས་ཏེ། མེ་དེ་བཱ་ཡི་མདུན་དུ་གུར་ཕུབས་པ་དང་། ཨམ་མོན་གྱི་བུ་བརྒྱུད་ཀྱང་རེ་རང་གི་གྲོང་ཁྱེར་ལས་ཕྱོགས་ཅིག་ཏུ་འདུས་ནས་འཐབ་ཏུ་འོངས་སོ།  དཱ་བིད་ཀྱིས་གཏམ་དེ་ཐོས་ནས། ཁོང་གིས་ཡོ་ཨབ་དང་བཅས་སུ་དམག་དཔུང་དཔའ་རྩལ་ཅན་ཐམས་ཅད་མངགས་སོ།  དེ་ནས་ཨམ་མོན་གྱི་བུ་བརྒྱུད་ཐོན་ནས། གྲོང་ཁྱེར་གྱི་རྒྱ་སྒོ་ཡི་མདུན་དུ་དམག་གྲལ་བཤམས། དེར་འོངས་པའི་རྒྱལ་པོ་རྣམས་སོ་སོར་ཐང་ལ་བསྡད་པ་ལས།
༡༠ ཡོ་ཨབ་ཀྱིས་རང་གི་རྒྱབ་མདུན་གཉིས་པོར་དམག་གི་ངོ་ཡོད་པར་མཐོང་བས། ཨིས་ར་ཨེལ་གྱི་དཔའ་ཤར་ཐམས་ཅད་ཨ་རམ་པའི་ཐད་དུ་རུ་བསྒྲིགས་སོ། ༡༡ མི་སྡེ་ཕྱི་ལུས་ཐམས་ཅད་རང་གི་གཅུང་པོ་ཨ་བི་ཤཱ་ཨི་ཡི་ལག་ཏུ་བཏད་ནས། དེ་དག་ཨམ་མོན་གྱི་བུ་བརྒྱུད་ཀྱི་ཐད་དུ་བཞག་ནས་དེ་དག་ལ། ༡༢ གལ་ཏེ་ཨ་རམ་པ་ང་ལས་དྲག་ན། ཁྱོད་ཀྱིས་ང་ལ་ར་མདའ་གྱིས་ཤིག གལ་ཏེ་ཨམ་མོན་གྱི་བུ་བརྒྱུད་ཁྱོད་ལས་དྲག་ན། ངས་ཁྱོད་ལ་ར་མདའ་བགྱིའོ། ༡༣ སྙིང་སྟོབས་སྐྱེད་ཅིག འོ་ཅག་གི་མི་སྡེ་དང་། འོ་ཅག་གི་དཀོན་མཆོག་གི་གྲོང་ཁྱེར་རྣམས་ཀྱི་དོན་དུ་ཁྱོ་ག་བྱོས་ཤིག་དང་། ཡ་ཧོ་ཝཱའི་སྤྱན་ལམ་དུ་གང་ལེགས་དེ་སྒྲུབ་པར་ཤོག་ཅིག་ཅེས་གདམས་པ་ལས། ༡༤ ཡོ་ཨབ་དང་། དེ་དང་མཉམ་དུ་ཡོད་པའི་མི་རྣམས་ཨ་རམ་པ་ལ་རྒོལ་དུ་སོང་བ་དང་། དེ་རྣམས་ཡོ་ཨབ་ཀྱི་མདུན་ལས་བྲོས་སོང་། ༡༥ ཡང་ཨམ་མོན་གྱི་བུ་བརྒྱུད་ཀྱིས་ཨ་རམ་པ་བྲོས་སོང་བ་མཐོང་བས། དེ་དག་ཀྱང་དེའི་གཅུང་པོ་ཨ་བི་ཤཱ་ཨིའི་མདུན་ནས་བྲོས་སོང་སྟེ། གྲོང་ཁྱེར་གྱི་ནང་དུ་འཛུལ་སོང་། དེ་ནས་ཡོ་ཨབ་་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་གོ།
༡༦ དེ་ནས་ཨ་རམ་པས་ཨིས་ར་ཨེལ་གྱི་མདུན་དུ་རང་ཕམ་པར་མཐོང་བས། གཙང་པོའི་ཕ་རོལ་ན་ཡོད་པའི་ཨ་རམ་པ་རྣམས་སྦྲན་ཏེ། ཧ་དར་ཨེ་ཟེར་གྱི་དམག་དཔོན་ཤོ་ཕག་བྱ་བ་དེ་དག་གི་སྣ་ལ་འོངས་པ་དང་། ༡༧ དེའི་ལོན་དཱ་བིད་ལ་ཕྲོད་པས། ཨིས་ར་ཨེལ་ཐམས་ཅད་བསགས་ནས། ཡོར་དན་གྱི་ཕ་རོལ་ཏུ་ཕྱིན་ཏེ། ཁོང་གིས་དམག་བཏེགས་ཏེ་རུ་བསྒྲིགས། དཱ་བིད་ཀྱིས་ཨ་རམ་པ་ལ་འཁྲབ་ཏུ་གྲལ་བཤམས་ནས། དེ་དག་གིས་ཁོང་ལ་འཐབ་མོ་བཏང་ཡང་། ༡༨ ཨ་རམ་པ་རྣམས་ཨིས་ར་ཨེལ་གྱི་མདུན་ལས་བྲོས་སོང་བས། དཱ་བིད་ཀྱིས་ཨ་རམ་པའི་ཤིང་རྟ་བདུན་སྟོང་དང་། རྐང་ཐང་པ་བཞི་ཁྲི་སྲོག་དང་ཕྲལ་ཏེ། དམག་དཔོན་ཤོ་ཕག་བསད་དོ། ༡༩ དེར་ཧ་དར་ཨེ་ཟེར་གྱི་འཁོར་རྣམས་ཀྱིས་རང་ཨིས་ར་ཨེལ་གྱི་མདུན་དུ་རྣམ་པར་ཕམ་སོང་བ་མཐོང་ནས། དཱ་བིད་དང་བཟང་སྒྲིག་བྱས་ཏེ། ཁོང་གི་བྲན་དུ་གྱུར་ཏོ། མདོར་ན་ཨ་རམ་པ་རྣམས་ཀྱིས་དེ་ནས་ཚུན་དུ་ཨམ་མོན་གྱི་བུ་བརྒྱུད་ལ་ར་མདའ་བྱེད་པར་བག་ཚ་བར་གྱུར་ཏོ༎