༡༨
དེའི་འོག་ཏུ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་རྣམས་དྲལ་ནས་བཏུལ་ཏེ། གད་དང་དེའི་གྲོང་ཚོ་དག་ཕེ་ལེ་ཤེད་པའི་ལག་པ་ལས་ཕྲོགས། ༢ ཡང་མོ་ཨབ་པ་རྣམས་ཀྱང་བཏུལ་ནས། མོ་ཨབ་པ་རྣམས་དཱ་བིད་ཀྱི་བྲན་དུ་གྱུར་ཏེ། ཁོང་ལ་འབུལ་བ་ཕུལ་ཏོ༎༣ ཡང་ཧ་མད་ཡུལ་གྱི་ཙོ་བཱ་ཡི་རྒྱལ་པོ་ཧ་དར་ཨེ་ཟེར་གཙང་པོ་ཡུབ་རཱད་ཕྱོགས་སུ་རང་གི་རྒྱལ་སྲིད་འཛུགས་པར་འགྲོ་སྐབས་སུ། དཱ་བིད་ཀྱིས་དེ་ཡང་དྲལ་ནས། ༤ དཱ་བིད་ཀྱིས་དེ་ལས་ཤིང་རྟ་ཆིག་སྟོང་། རྟ་པ་བདུན་སྟོང་དང་། རྐང་དམག་ཉི་ཁྲི་ཕྲོག་སྟེ། ཤིང་རྟའི་རྟ་ཐམས་ཅད་ཀྱི་རྐང་རྒྱུས་བཅད་མོད། ཤིང་རྟ་བརྒྱ་ལ་ལྡང་བའི་རྟ་གསོན་པོར་བཞག་གོ། ༥ དེ་ནས་ད་མཱ་སེག་གི་ཨ་རམ་པ་རྣམས་ཙོ་བཱ་ཡི་རྒྱལ་པོ་ཧ་དར་ཨེ་ཟེར་གྱི་ར་མདར་འོངས་པ་དང་། དཱ་བིད་ཀྱིས་ཨ་རམ་པ་ཉི་ཁྲི་ཉི་སྟོང་བསད་དེ། ༦ དཱ་བིད་ཀྱིས་ད་མཱ་སེག་གི་ཨ་རམ་ཡུལ་དུ་དམག་མི་རྣམས་ཁག་སོ་སོར་བཞག་པ་དང་། ཨ་རམ་པ་རྣམས་དཱ་བིད་ཀྱི་བྲན་དུ་གྱུར་ནས། འབུལ་བ་དྲངས་སོ། དེ་ལྟར་དཱ་བིད་གང་དུ་ཕྱོགས་ཀྱང་། ཡ་ཧོ་ཝཱས་སྐྱབས་མཛད་དོ། ༧ ཡང་དཱ་བིད་ཀྱིས་ཧ་དར་ཨེ་ཟེར་གྱི་འཁོར་གཡོག་ལས་གསེར་གྱི་ཕུབ་ཐམས་ཅད་ཕྲོགས་ནས། ཡེ་རུ་ཤ་ལེམ་དུ་ཁྱེར་ཏོ། ༨ དེ་མ་ཟད། ཧ་དར་ཨེ་ཟེར་གྱི་གྲོང་ཁྱེར་ཏིབ་ཧད་དང་ཀུན་བྱ་བ་གཉིས་ལས་དཱ་བིད་ཀྱིས་ར་གན་དཔག་མེད་དྲངས་ཏེ། དེ་ལས་ཤ་ལོ་མོས་ར་གན་གྱི་རྒྱ་མཚོ་བྱ་བ་དང་། ཀ་བ་དང་། ར་གན་གྱི་ཡོ་བྱད་བཟོས་པ་ཡིན།
༩ ཡང་ཧ་མད་ཀྱི་རྒྱལ་པོ་ཏོ་ཨུ་བྱ་བ་དེས། དཱ་བིད་ཀྱིས་ཙོ་བཱ་ཡི་རྒྱལ་པོ་ཧ་དར་ཨེ་ཟེར་གྱི་དམག་ཚོགས་ཚང་མ་དྲལ་བའི་ལོ་ཐོས་པར་ཙམ་གྱིས། ༡༠ དེས་རང་གི་སྲས་ཧ་དོ་རམ་བྱ་བ་དེ་ནི་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་ཕྱག་འབུལ་བ་དང་། ཤིས་པ་བརྗོད་དུ་བཏང་ངོ་། ཅིའི་ཕྱིར་ཞེ་ན། སྔར་ཧ་དར་ཨེ་ཟེར་གྱིས་ཏོ་ཨུ་ལ་དམག་རྒྱབ་པ་ལས། དཱ་བིད་ཀྱིས་ཧ་དར་ཨེ་ཟེར་དྲལ་བར་བྱས་པའི་ཕྱིར་རོ། ཧ་དོ་རམ་གྱིས་གསེར་དང་དངུལ་དང་ར་གན་གྱི་ཡོ་བྱད་སྣ་ཚོགས་འཁུར་འོངས་ནས་ཕུལ་བ་དང་། ༡༡ རྒྱལ་པོ་དཱ་བིད་ཀྱིས་ཨེ་དོམ་པ་དང་། མོ་ཨབ་པ་དང་། ཨམ་མོན་པ་དང་། ཕེ་ལེ་ཤེད་པ་དང་། ཨ་མ་ལེག་པའི་མི་བརྒྱུད་ཐམས་ཅད་ལས་བརྙེད་བྱུང་བའི་གསེར་དངུལ་དང་བཅས་སུ་ཡ་ཧོ་ཝཱ་ལ་བསྔོས་སོ༎
༡༢ ཡང་ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི་ཡིས་ཚྭའི་ལུང་པ་རུ་ཨེ་དོམ་པ་སྟོང་ཕྲག་བཅོ་བརྒྱད་འགེམས་པར་བྱས་ནས། ༡༣ ཨེ་དོམ་ཡུལ་ཁག་སོ་སོར་དམག་དཔུང་བཞག་པས། ཨེ་དོམ་པ་རྣམས་དཱ་བིད་ཀྱི་བྲན་དུ་གྱུར་ཏོ། དེ་ལྟར་དཱ་བིད་གར་བྱོན་ཀྱང་། ཡ་ཧོ་ཝཱས་སྐྱབས་མཛད་དོ༎
༡༤ དཱ་བིད་་ཨིས་ར་ཨེལ་ཡུལ་ཐམས་ཅད་ལ་མངའ་མཛད་དེ། རང་གི་མི་སེར་ཚང་མ་ལ་གཤགས་དང་ཁྲིམས་དྲང་པོར་བཅད་དོ། ༡༥ དམག་དཔུང་གི་དམག་འགོར་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་། རྒྱལ་རབས་ཀྱི་ཡིག་དཔོན་དུ་ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་དང་། ༡༦ བླ་མར་ཨ་ཧི་ཏུབ་ཀྱི་བུ་ཙ་དོག་དང་ཨབ་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་དང་། མཁན་པོར་ཤ་ཝ་ཤཱ་དང་། ༡༧ ཀེ་རེད་པ་དང་པེ་ལེད་པ་རྣམས་ཀྱི་དཔོན་པོར་ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་དང་། དཱ་བིད་ཀྱི་སྲས་རྣམས་རྒྱལ་པོའི་དྲུང་དུ་བཀའ་བློན་དུ་བཞག་གོ།