༡༧
དེ་ནས་དཱ་བིད་རང་གི་ཕོ་བྲང་གི་ནང་དུ་བསྡད་པའི་དུས་ཤིག་ན། ཁོང་གིས་ལུང་སྟོན་པ་ནཱ་ཐན་ལ། ལྟོས་དང་། ང་ནི་འགྱམ་ཤིང་གི་ཁྱིམ་གྱི་ནང་ན་སྡོད་མོད། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་ནི་ཡོལ་བའི་ནང་དུ་མཆིས་སོ་སྨྲས་པས། ༢ ནཱ་ཐན་གྱིས་དཱ་བིད་ལ། དཀོན་མཆོག་ཁྱེད་དང་འགྲོགས་པས། རང་གི་སྙིང་ལ་ཡོད་པའི་བསམ་པ་ཐམས་ཅད་སྒྲུབ་པར་བྱོས་ཤིག་སྨྲས་ནས།༣ དེའི་མཚན་མོར་ནཱ་ཐན་ལ་དཀོན་མཆོག་གི་བཀའ་བྱུང་ནས། ༤ སོང་ལ། ངའི་བྲན་པོ་དཱ་བིད་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱིས་ཁོ་བོ་བཞུགས་བྱའི་ཁང་པ་རྩིག་པར་མི་འགྱུར། ༥ ཁོ་བོས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཡར་དྲངས་པ་ནས་དེ་རིང་ཕན་ཆོད་དུ་ཁྱིམ་ལ་མ་གནས་པར། གུར་དང་རེ་བོ་གཅིག་ནས་གཅིག་ཏུ་འཁོར་ཞིང་གནས་པ་ཡིན། ༦ ཁོ་བོ་ཨིས་ར་ཨེལ་ཀུན་དང་ལྷན་ཅིག་ཏུ་གང་དང་གང་དུ་རྒྱུ་རུང་། ངའི་མི་སྡེ་འཚོ་རུ་བཀའ་བཀོད་བྱས་པའི་ཁྲིམས་དཔོན་གང་ལ་ཡང་། ཁྱོད་ཚོས་ངའི་དོན་དུ་འགྱམ་ཤིང་གི་ཕོ་བྲང་ཅི་ལ་མི་རྩིག ཅེས་པའི་ཚིག་གཅིག་ཀྱང་སྒོ་བར་བྱས་སམ། ༧ དེ་བས་ན་ད་ཁྱོད་ཀྱིས་ངའི་བྲན་པོ་དཱ་བིད་ལ་འདི་སྐད་སྦྲོན་པར་གྱིས། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ངའི་མི་སྡེ་ཨིས་ར་ཨེལ་གྱི་མངའ་བདག་ཏུ་འགྱུར་བའི་ཕྱིར་དུ། ཁོ་བོས་ཁྱོད་ནི་ལུག་ལ་འབྲང་བའི་ཚེ་ལུག་རའི་ནང་ནས་བཞེས་པས། ༨ ཁྱོད་འགྲོ་ས་ཀུན་ཏུ་ཁོ་བོ་ཁྱོད་དང་འགྲོགས་པ་ཡིན། ཁྱོད་ཀྱི་ཕ་རོལ་པ་ཐམས་ཅད་ཁྱོད་ཀྱི་མདུན་ལས་བསྐྲད་དེ། ས་ཆེན་པོའི་མིང་གྲགས་ཆེ་བའི་མི་ཆེན་པོ་དག་དང་འདྲ་བར། ངས་ཁྱོད་ཀྱི་སྙན་གྲགས་ཆེ་བ་བྱས་པ་ཡིན། ༩ ཡང་ངས་རང་གི་མི་སྡེ་ཨིས་ར་ཨེལ་གྱི་དོན་དུ་ས་ཆ་ཞིག་ཆ་བཞག་བྱ་ཞིང་། དེ་དག་དེར་འཚུགས་སུ་གཞུག་གོ། དེ་ནས་དེ་དག་རང་གནས་སུ་གནས་ཏེ། སླར་འཁྱམ་པར་ཡང་མི་འགྱུར། སྔོན་དུས་ལྟར་སྡིག་སྤྱོད་ཀྱི་བུ་རྣམས་ཀྱིས་ཀྱང་དེ་དག་ལ་འཚེ་བར་མི་འགྱུར། ༡༠ ཁོ་བོས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་ལ་ཁྲིམས་དཔོན་བསྐོས་པའི་དུས་དང་འདྲ་བར་ཡང་མི་འབྱུང་གིས། ངས་ཁྱོད་ཀྱི་དགྲ་ཐམས་ཅད་འདུལ་བར་བྱའོ། དེ་མ་ཟད་པར། ཡ་ཧོ་ཝཱས་ཁྱོད་ཀྱི་དོན་དུ་ཕོ་བྲང་ཞིག་ཀྱང་བཞེང་བར་འགྱུར་རོ། ཞེས་ངས་ཁྱོད་ལ་སྦྲོན་ནོ། ༡༡ ཁྱོད་ཀྱི་ཞག་ཚང་སྟེ། རང་གི་ཕ་མེས་པོ་དང་འགྲོགས་སུ་ཆས་པའི་དུས་སུ། ཁོ་བོས་ཁྱོད་ཀྱི་རྗེས་སུ། ཁྱོད་ཀྱི་བུ་བརྒྱུད་ཀྱི་བུ་རྣམས་ལས་གཅིག་ཡར་འདེགས་ཤིང་། དེའི་རྒྱལ་སྲིད་གཏན་ལ་འབེབས་པར་བྱའོ། ༡༢ དེས་ཁོ་བོ་ལ་ཕོ་བྲང་ཞིག་བཞེང་བ་དང་། ཁོ་བོས་དེའི་རྒྱལ་ཁྲི་དུས་རྒྱུན་དུ་བརྟན་པོར་འཛུག་པར་བྱའོ། ༡༣ ང་དེའི་ཡབ་དང་། དེ་ངའི་སྲས་སུ་འགྱུར། ངས་ཁྱོད་ཀྱི་གོང་མ་ལས་ཉིད་ཀྱི་ཐུགས་རྗེ་བཀོག་པ་ལྟར་དུ། དེ་ལས་འཕྲོག་པར་མི་བྱ་བར། ༡༤ ཁོ་བོས་དེ་ནི་དུས་རྒྱུན་དུ་ངའི་ཕོ་བྲང་དང་ཆབ་སྲིད་ཀྱི་ནང་དུ་འཇོག་ཅིང་། དེའི་རྒྱལ་ཁྲི་ནི་དུས་རྒྱུན་ནས་རྒྱུན་དུ་གཡོ་བ་མེད་པར་ལུས་པར་འགྱུར་རོ་གསུངས་ནས།
༡༥ བཀའ་ལུང་དང་སྣང་ལུགས་དེ་ཐམས་ཅད་ཁོ་ན་བཞིན་དུ་ནཱ་ཐན་གྱིས་དཱ་བིད་ལ་བཤད་པ་དང་།
༡༦ རྒྱལ་པོ་དཱ་བིད་འོངས་ནས་ཡ་ཧོ་ཝཱའི་དྲུང་དུ་བསྡད་དེ། ཀྱེ་ཡ་ཧོ་ཝཱ་དཀོན་མཆོག་ལགས། ཁྱེད་ཀྱིས་བདག་འདི་ཙམ་གྱི་བར་དུ་བསྐྱངས་པས་ན། བདག་ཡིན་སུ་ཡིན། བདག་གི་ཕ་སྤད་ཀྱང་ཡིན་ཅི་ཡིན། ༡༧ ཀྱེ་དཀོན་མཆོག བྱ་བ་འདི་ཁྱེད་ཀྱི་གཟིགས་ངོར་ཆུང་བ་ཞིག་ལགས་པས། ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་བདག་གི་ཕ་སྤད་ལ་མ་འོངས་པའི་དུས་རྒྱང་རིང་པོ་ཞིག་གི་དོན་དུ་གསུང་གནང་ཞིང་གཟིགས་པས། བདག་ནི་མིའི་ལྟ་ལུགས་ལ་གོ་ས་མཐོ་བར་བཞག་གོ། ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ༡༨ ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་མཁྱེན་པས། ཁྱེད་ཀྱི་བྲན་པོ་ལ་བཀུར་སྟི་བརྙེད་ཕྱིར། དཱ་བིད་ཀྱིས་ཁྱེད་ལ་ལྷག་པར་ཅི་ཞུ་དགོས། ༡༩ ཀྱེ་ཡ་ཧོ་ཝཱ། ཉིད་ཀྱི་བྲན་པོའི་དོན་དུ་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་བྱ་བ་ཆེན་པོ་དེ་མངོན་པར་མཛད་ཕྱིར། ཕྲིན་ལས་ཆེན་པོ་དེ་རྣམས་མཛད་པ་ཡིན། ༢༠ ཀྱེ་ཡ་ཧོ་ཝཱ། ཁྱེད་ལྟ་བུ་གང་ཡང་མེད། བདག་གི་རྣ་བས་ཐོས་པ་བཞིན་དུ་ཁྱེད་མ་གཏོགས་པར། གཞན་དཀོན་མཆོག་ཀྱང་མེད། ༢༡ ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་དང་འདྲ་བའི་གཞན་མི་བརྒྱུད་ཅིག་ས་ཆེན་པོར་སུ་ཡོད། ཉིད་ཀྱི་མི་སྡེ་ནི་སྒྲོལ་ཞིང་ཉིད་ཀྱི་མཚན་འཐོན་འཇུག་ཏུ་དཀོན་མཆོག་ཉིད་གཤེགས་ཏེ། ཁྱེད་ཀྱི་མི་སྡེ་མི་སེར་ལས་བསྒྲལ་བའི་ཕྱིར། དེ་དག་གི་མདུན་ལས་མི་བརྒྱུད་སོ་སོ་བསྐྲད་དེ། མཛད་པ་ཆེ་ལ་འཇིགས་སུ་རུང་བ་མཛད་པ་ཡིན། ༢༢ དེ་ཅི་ལ་ཞུ་ན། ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་ནི་དུས་གཏན་གྱི་ཕྱིར་ཉིད་ཀྱི་མི་སྡེར་མཛད་བྱུང་། ཡང་ཁྱེད་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ཏུ་གྱུར་པ་ཡིན། ༢༣ ད་ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་དང་། དེའི་ཕ་སྤད་ལ་རག་ལས་ནས་གསུངས་པ་དེ་གཏན་གྱི་ཕྱིར་ཆ་འཇོག་ཅིང་། གསུངས་པ་བཞིན་དུ་སྒྲུབ་པར་མཛོད་ཅིག ༢༤ ཁྱེད་ཀྱི་མཚན་ལ་དུས་རྒྱུན་དུ་གཟེངས་སྟོད་པའི་ཕྱིར་དུ་དེ་ནི་སྲིད་ཆགས་སུ་ཆུག་ཅིག ཡང་ན་རེ། དཔུང་ཆེན་གྱི་ཡ་ཧོ་ཝཱ་ནི་ཨིས་ར་ཨེལ་གྱི་དཀོན་མཆོག་དང་། ཨིས་ར་ཨེལ་རང་གི་དཀོན་མཆོག་ལགས་པས། ཁྱེད་ཀྱི་བྲན་པོ་དཱ་བིད་ཀྱི་ཕ་སྤད་ནི་ཁྱེད་ཀྱི་སྤྱན་སྔར་གཡོ་འབུབ་མེད་པར་ལུས་པར་ཤོག་ཅིག ༢༥ ཀྱེ་བདག་གི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོའི་རྣ་བར། ངས་ཁྱོད་ཀྱི་དོན་དུ་ཕོ་བྲང་ཞིག་བཞེང་བར་བྱའོ། ཞེས་ལུང་བསྟན་པས། ཁྱེད་ཀྱི་བྲན་པོའི་སྙིང་ལས་གསོལ་འདེབས་འདི་ཁྱེད་ཀྱི་དྲུང་དུ་འབུལ་བར་བརྩམས་པ་ལགས། ༢༦ ད་ཡང་ཀྱེ་ཡ་ཧོ་ཝཱ་ཁྱེད་དཀོན་མཆོག་ལགས་པས། ཉིད་ཀྱི་བྲན་པོ་ལ་བཟང་བའི་ཞལ་ཆད་མཛད་པ་ཡིན། ༢༧ ད་ཉིད་ཀྱི་བྲན་པོའི་ཕ་སྤད་དུས་རྒྱུན་དུ་ཁྱེད་ཀྱི་ཞལ་ངོར་གནས་པའི་ཕྱིར་བྱིན་གྱིས་རློབས་ཤིག དེ་ཅིའི་ཕྱིར་དུ་ཞུ་ན། ཁྱེད་ཀྱིས་བྱིན་གྱིས་རློབས་པ་ནི། ཀྱེ་ཡ་ཧོ་ཝཱ། དེ་ནི་གཏན་དུ་བྱིན་རླབས་དང་ལྡན་ནོ༎