༡༥
ཡང་དཱ་བིད་ཀྱི་གྲོང་ཁྱེར་དུ་དཱ་བིད་ཀྱིས་རང་གི་ཕྱིར་ཕོ་བྲང་བརྩིགས་ཏེ། དཀོན་མཆོག་གི་སྒྲོམ་གྱི་ཕྱིར་གནས་ཤིག་བཤམས་ནས། སྒྲོམ་དེའི་ཕྱིར་གུར་ཞིག་ཀྱང་ཕུབས་སོ།  དེར་དཱ་བིད་ཀྱི་ཞལ་ནས། ཡ་ཧོ་ཝཱས། ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་གི་སྒྲོམ་འཁུར་བ་དང་། དུས་རྒྱུན་དུ་ཁོང་ལ་ཞབས་ཏོག་བྱེད་དུ་འདམས་པ་ཡིན་པས། དེ་རྣམས་མ་གཏོགས་པར་གཞན་སུས་ཀྱང་དཀོན་མཆོག་གི་སྒྲོམ་འཁུར་བའི་མི་རིགས་སོ། ཞེས་བསྒོ་སྟེ།  དཱ་བིད་ཀྱིས་ཡ་ཧོ་ཝཱའི་སྒྲོམ་དེ་ནི་དེའི་ཕྱིར་བཤམས་པའི་གནས་སུ་གདན་འདྲེན་པར། དཱ་བིད་ཀྱིས་ཨིས་ར་ཨེལ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་བསྡུས་སོ།  དཱ་བིད་ཀྱིས་ཨ་རོན་གྱི་བུ་བརྒྱུད་དང་ལེ་ཝི་པ་རྣམས་ཀྱང་བསྡུས་ཏེ།  ཀོ་ཧད་ཀྱི་བུ་བརྒྱུད་ལས། འགོ་དཔོན་ཨུ་རི་ཨེལ་བཅས་དེའི་སྤུན་བརྒྱ་དང་ཉི་ཤུ།  མེ་རཱ་རིའི་བུ་བརྒྱུད་ལས། འགོ་དཔོན་ཨ་ས་ཡཱ་བཅས་དེའི་སྤུན་ཉིས་བརྒྱ་དང་ཉི་ཤུ།  གེར་ཤོན་གྱི་བུ་བརྒྱུད་ལས། འགོ་དཔོན་ཡོ་ཨེལ་བཅས་དེའི་སྤུན་བརྒྱ་དང་སུམ་ཅུ།  ཨེ་ལི་ཚ་ཕན་གྱི་བུ་བརྒྱུད་ལས། འགོ་དཔོན་ཤེ་མ་ཡཱ་བཅས་དེའི་སྤུན་ཉིས་བརྒྱ།  ཧེབ་རོན་གྱི་བུ་བརྒྱུད་ལས། འགོ་དཔོན་ཨེ་ལི་ཨེལ་བཅས་དེའི་སྤུན་བརྒྱད་ཅུ། ༡༠ ཨུ་ཟི་ཨེལ་གྱི་བུ་བརྒྱུད་ལས། འགོ་དཔོན་ཨ་མི་ནཱ་དབ་བཅས་དེའི་སྤུན་བརྒྱ་དང་བཅུ་གཉིས་སོ། ༡༡ དེ་ནས་དཱ་བིད་ཀྱིས་ཙ་དོག་དང་ཨབ་ཡ་ཐར་བླ་མ་གཉིས་པོ་དང་། ལེ་ཝི་པའི་ནང་ནས་ཨུ་རི་ཨེལ་དང་། ཨ་ས་ཡཱ་དང་། ཡོ་ཨེལ་དང་། ཤེ་མ་ཡཱ་དང་། ཨེ་ལི་ཨེལ་དང་། ཨ་མི་ནཱ་དབ་དང་དྲུག་བོས་ནས། ༡༢ དེ་དག་ལ། ཁྱེད་རྣམས་ལེ་ཝི་པའི་ཕ་ཚན་གྱི་འགོ་དཔོན་ཡིན་པས། ཁྱེད་ཅག་རང་དང་། ཁྱེད་ཅག་གི་སྤུན་རྣམས་ཀྱིས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་དེ་ནི། ངས་དེའི་དོན་དུ་བཤམས་པའི་གནས་སུ་གདན་འདྲེན་པའི་ཕྱིར་དུ་གཙང་སྦྲ་གྱིས་ཤིག ༡༣ སྔར་ཁྱེད་ཅག་གིས་དེ་བཞིན་དུ་མ་བྱས་པར། ངེད་ཀྱིས་རིགས་པ་བཞིན་དུ་ཁོང་མ་བཙལ་བའི་རྐྱེན་གྱིས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་འོ་ཅག་དྲལ་བ་ཡིན། ཞེས་སྨྲས་པ་དང་། ༡༤ བླ་མ་དང་ལེ་ཝི་པ་རྣམས་ཀྱིས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་དེ་གདན་འདྲེན་དུ་གཙང་སྦྲ་བྱས་སོ། ༡༥ ཡང་ཡ་ཧོ་ཝཱའི་བཀའ་བཞིན་དུ་མོ་ཤེས་སྔར་བསྒོ་བ་ལྟར་དུ། ལེ་ཝི་པའི་བུ་རྣམས་ཀྱིས་དཀོན་མཆོག་གི་སྒྲོམ་དེ་ལ་གདང་བུ་རྒྱུས་ནས་དཔུང་པར་བཀུར་བ་དང་།
༡༦ དཱ་བིད་ཀྱིས་ལེ་ཝི་པའི་འགོ་དཔོན་དག་ལ། རང་གི་སྤུན་གྱི་ནང་ནས་རོལ་ཆས་པི་ཝང་དང་། སྒྲ་སྙན་དང་། སྦུག་ཆོལ་རྣམས་འཁྲོལ་ཞིང་། དགའ་མགུར་ཀུ་ཐེག་པའི་ཕྱིར། མི་འགའ་ཞིག་གླུ་མཁན་དུ་སྐོས་ཤིག་སྨྲས་པ་དང་། ༡༧ ལེ་ཝི་པ་དག་གིས་ཡོ་ཨེལ་གྱི་བུ་ཧེ་མཱན་དང་། དེའི་སྤུན་གྱི་ནང་ནས་བེ་རེག་ཡཱའི་བུ་ཨ་སབ་དང་། དེ་དག་གི་སྤུན་མེ་རཱ་རིའི་བུ་དག་གི་ནང་ནས་ཀུ་ཤ་ཡཱའི་བུ་ཨེ་ཐན་དང་། ༡༨ དེ་དག་གི་ནུ་བོའི་གྲས་ཟ་ཀར་ཡཱ་དང་། བེན་དང་། ཡ་ཨ་ཟི་ཨེལ་དང་། ཤེ་མི་རཱ་མོད་དང་། ཡེ་ཧི་ཨེལ་དང་། ཨུན་ནི་དང་། ཨེ་ལི་ཨབ་དང་། བེ་ནཱ་ཡཱ་དང་། མ་ཨ་སེ་ཡཱ་དང་། མད་ཐིད་ཡཱ་དང་། ཨེ་ལི་ཕེ་ལེ་ཧུ་དང་། མིག་ནེ་ཡཱ་དང་། སྒོ་པ་ཨོ་བེད་ཨེ་དོམ་དང་། ཡེ་ཧི་ཨེལ་བཅས་བསྐོས་ཏེ། ༡༩ གླུ་མཁན་ཧེ་མཱན་དང་། ཨ་སབ་དང་། ཨེ་ཐན་གསུམ་པོ་རང་གི་སྦུག་ཆོལ་འཁྲོལ་བ་དང་། ༢༠ ཟ་ཀར་ཡཱ་དང་། ཨ་ཟི་ཨེལ་དང་། ཤེ་མི་རཱ་མོད་དང་། ཡེ་ཧི་ཨེལ་དང་། ཨུན་ནི་དང་། ཨེ་ལི་ཨབ་དང་། མ་ཨ་སེ་ཡཱ་དང་། བེ་ནཱ་ཡཱ་དང་བརྒྱད་པོས་སྒྲ་སྙན་གྱིས་ཨ་ལཱ་མོད་བྱ་བའི་དབྱངས་མཐོ་བ་ལེན་པ་དང་། ༢༡ མད་ཐིད་ཡཱ་དང་། ཨེ་ལི་ཕེ་ལེ་ཧུ་དང་། མིག་ནེ་ཡཱ་དང་། ཨོ་བེད་ཨེ་དོམ་དང་། ཡེ་ཧི་ཨེལ་དང་། ཨ་ཟས་ཡཱ་དང་དྲུག་པོ་ནི་པི་ཝང་གིས་ཤེ་མི་ནིད་བྱ་བའི་དབྱངས་ལེན་དུ་བཞག་གོ། ༢༢ ལེ་ཝི་པའི་འགོ་བྱེད་ཁེ་ནན་ཡཱ་བྱ་བ་དེ་དབུ་མཛད་ཡིན་ཞིང་། རབ་ཏུ་མཁས་པ་ཡིན་པས། དབྱངས་ཇི་ལྟར་ལེན་པ་བསླབས་པ་ཡིན། ༢༣ བེ་རེག་ཡཱ་དང་ཨེལ་ཀཱ་ནཱ་གཉིས་སྒྲོམ་གྱི་སྒོ་སྲུང་པ་སྟེ། ༢༤ ཤེ་བན་ཡཱ་དང་། ཡེ་ཧོ་ཤ་ཕད་དང་། ནེ་ཐན་ཨེལ་དང་། ཨ་མ་སཱ་ཨི་དང་། ཟ་ཀར་ཡཱ་དང་། བེ་ནཱ་ཡཱ་དང་། ཨེ་ལི་ཨེ་ཟེར་བྱ་བའི་བླ་མ་རྣམས་ཀྱིས་དཀོན་མཆོག་གི་སྒྲོམ་གྱི་མདུན་དུ་དུང་ཕུས། སྒྲོམ་གྱི་སྒོ་པར་ཨོ་བེད་ཨེ་དོམ་དང་། ཡེ་ཧི་ཨ་དང་གཉིས་ཡོད་པ་ཡིན།
༢༥ དེ་ལྟར་དགའ་མགུའི་ངང་ནས་ཨོ་བེད་ཨེ་དོམ་གྱི་ཁྱིམ་ལས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་གདན་འདྲེན་དུ། དཱ་བིད་དང་། ཨིས་ར་ཨེལ་གྱི་རྒན་རབས་རྣམས་དང་། སྟོང་དཔོན་རྣམས་ཆས་ནས། ༢༦ ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ཐོགས་པའི་ལེ་ཝི་པ་རྣམས་ལ་དཀོན་མཆོག་གིས་སྐྱབས་མཛད་པ་དང་། དེ་དག་གིས་གླང་བདུན་དང་། ལུག་ཐུག་བདུན་མཆོད་པར་ཕུལ་ཏོ། ༢༧ དཱ་བིད་དང་། སྒྲོམ་འཁུར་བའི་ལེ་ཝི་པ་དང་། མགུར་གླུ་ལེན་པ་དག་དང་། དབུ་མཛད་ཁེ་ནན་ཡཱ་བཅས་ཐམས་ཅད་རས་སྲབ་པའི་གོས་ཀྱིས་ཀླུབས་ཡོད་དེ། དཱ་བིད་ཀྱིས་རས་སྲབ་པོའི་ཆོས་གོས་ཨེ་ཕོད་བྱ་བ་ཞིག་ཀྱང་གྱོན་ཡོད་པ་ཡིན། ༢༨ དེ་ལུགས་སུ་ཨིས་ར་ཨེལ་ཡོངས་ཀྱིས་དགའ་བའི་ཅ་ཅོ་དང་། དུང་དང་རྒྱ་དུང་འབུད་ཅིང་། སྦུག་ཆོལ་དང་། པི་ཝང་དང་སྒྲ་སྙན་གྱི་སྒྲ་ཆེན་པོ་དང་བཅས་སུ། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་ཡར་གདན་དྲངས་སོ༎
༢༩ ཡང་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་དཱ་བིད་ཀྱི་གྲོང་ཁྱེར་དུ་བསླེབས་པའི་ཚེ། ཤ་ཨུལ་གྱི་སྲས་མོ་མི་ཁལ་གྱིས་དཀར་ཁུང་ནས་བལྟས་པ་དང་། རྒྱལ་པོ་དཱ་བིད་ཟློས་གར་རོལ་ཞིང་རྩེད་མོ་བྱེད་པར་མཐོང་ནས། མོས་རང་གི་སྙིང་ནང་དུ་ཁོང་ལ་བརྙས་སོ༎