༡༤
དེ་ནས་ཚོར་གྱི་རྒྱལ་པོ་ཧི་རམ་གྱིས་དཱ་བིད་ཀྱི་དྲུང་དུ་ཕོ་ཉ་རྣམས་དང་བཅས་སུ། དཱ་བིད་ཀྱི་ཕྱིར་ཕོ་བྲང་ཞིག་བཞེངས་བའི་དོན་དུ། འགྱམ་ཤིང་གི་གདུང་མ་དང་། རྩིག་དཔོན་དང་། ཤིང་མཁན་དག་བརྫངས་པ་དང་།  དཱ་བིད་ཀྱིས། ཡ་ཧོ་ཝཱས་ཁོང་རང་ཨིས་ར་ཨེལ་གྱི་རྒྱལ་པོར་འགྱུར་བ་དང་། ཨིས་ར་ཨེལ་གྱི་དོན་དུ་ཁོང་གི་རྒྱལ་སྲིད་བརྟན་པོར་འཛུགས་པར་འགྱུར་བ་བརྟགས་སོ༎
 ཡང་དཱ་བིད་ཀྱིས་ཡེ་རུ་ཤ་ལེམ་དུ་བཙུན་མོ་ལྷག་པར་བཞེས་ནས། སྲས་དང་སྲས་མོ་རྣམས་བཙས་ཏེ།  ཡེ་རུ་ཤ་ལེམ་ལ་བཙས་པའི་སྲས་བུ་རྣམས་ཀྱི་མིང་ནི། ཤམ་མུ་ཨ་དང་། ཤོ་བབ་དང་། ནཱ་ཐན་དང་། ཤ་ལོ་མོ་དང་།  ཨིབ་ཧར་དང་། ཨེ་ལི་ཤུ་ཨ་དང་། ཨེལ་པེ་ལེད་དང་།  ནོ་གཱ་དང་། ནེ་ཕེག་དང་། ཡ་ཕི་ཡཱ་དང་།  ཨེ་ལི་ཤ་མཱ་དང་། བེ་ཨེལ་ཡ་དཱ་དང་། ཨེ་ལི་ཕེ་ལེད་དང་བཅས་བཅུ་གསུམ་མོ༎
 དེ་ནས་ཕེ་ལེ་ཤེད་པས། དཱ་བིད་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་བྱུགས་པར་ཐོས་པ་དང་། དཱ་བིད་འཚོལ་དུ་དམག་བཏེགས་ནས། དཱ་བིད་ཀྱིས་དེ་ཐོས་པ་ཙམ་གྱིས། དེ་རྣམས་ལ་དམག་རྒྱབ་ཏུ་ཐོན་ནོ།  ཕེ་ལེ་ཤེད་པ་རྣམས་འོངས་ཏེ། རེ་ཕ་ཨིམ་ལུང་པའི་ནང་དུ་རྩེ་བཀྲམས་སོ། ༡༠ དེ་ནས་དཱ་བིད་ཀྱིས་དཀོན་མཆོག་ལས་ཐུགས་བརྟགས་ཞུས་ནས། བདག་ཕེ་ལེ་ཤེད་པ་ལ་རྒོལ་དུ་འགྲོ་བར་བྱའམ། ཁྱེད་ཀྱིས་དེ་རྣམས་བདག་གི་ལག་པར་གཏད་དམ། ཞུས་པ་ལས་ཡ་ཧོ་ཝཱས་དེ་ལ། ངས་དེ་རྣམས་ཁྱོད་ཀྱི་ལག་པར་གཏད་འོང་བས། དམག་ཐེགས་པར་བྱོས་ཤིག་གསུངས་སོ། ༡༡ དེ་ལྟར་དེ་རྣམས་བ་ཨཱལ་ཕེ་ར་ཙིམ་གྱི་ཕྱོགས་སུ་དམག་བཏེགས་པ་དང་། དེར་དཱ་བིད་ཀྱིས་དེ་རྣམས་བཀུམ་ནས། དཱ་བིད་ཀྱིས། ཆུ་རྣམས་ཀྱིས་ཧྲལ་བ་ལྟར་དུ། དཀོན་མཆོག་གིས་ངའི་དགྲ་བོ་རྣམས་ངའི་ལག་གིས་ཧྲལ་བར་མཛད་དོ་སྨྲས་ནས། ས་ཆ་དེའི་མིང་དུ་བ་ཨཱལ་ཕེ་ར་ཙིམ་བཏགས་སོ། ༡༢ དེ་རྣམས་ཀྱི་སྐུ་འདྲ་དེ་རུ་ལུས་པས། དཱ་བིད་ཀྱིས་དེ་རྣམས་མེར་སྲེག་ཏུ་བཀའ་གནང་ངོ་༎
༡༣ དེ་ནས་ཕེ་ལེ་ཤེད་པ་རྣམས་སླར་ཡང་འོངས་པས། ལུང་པ་དེར་རྩེ་བཀྲམས་སོ། ༡༤ དཱ་བིད་ཀྱིས་ཡང་དཀོན་མཆོག་ལས་ཐུགས་བརྟག་ཞུས་པ་དང་། དཀོན་མཆོག་གིས་དེ་ལ། ཁྱོད་དེ་རྣམས་ཀྱི་ཕྱི་བཞིན་མ་འགྲོ་བར། ཕྱིར་ལོག་ལ། འོ་སེ་ཤིང་རྣམས་ཀྱི་ཕྱོགས་ལས་དེ་རྣམས་ལ་རྒོལ་བར་བྱོས། ༡༥ ཁྱོད་ཀྱིས་འོ་སེ་ཤིང་གི་རྩེ་ནས་འདོང་བའི་སྒྲ་ཐོས་པ་ཙམ་གྱིས་འཐབ་ཏུ་ལོང་ཞིག གང་ལ་ཞེ་ན། དེའི་དུས་སུ་དཀོན་མཆོག་ནི་ཁྱོད་ཀྱི་མདུན་དུ་གཤེགས་ཤིང་། ཕེ་ལེ་ཤེད་པའི་དམག་དཔུང་དེ་གསོད་པར་འགྱུར་གསུང་བྱུང་། ༡༦ དཱ་བིད་ཀྱིས་དཀོན་མཆོག་གི་བཀའ་སྩལ་པ་ཁོ་ན་བཞིན་དུ་བྱས་ཏེ། གི་བེ་ཨོན་ནས་གེ་ཟེར་གྱི་བར་དུ་ཕེ་ལེ་ཤེད་པའི་དམག་ཚོགས་བསད་པ་ཡིན། ༡༧ དེ་ནས་དཱ་བིད་ཀྱི་མིང་གྲགས་ཡུལ་ཀུན་ཏུ་དར་ཏེ། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་འཇིགས་སྐྲག་མི་བརྒྱུད་ཐམས་ཅད་ཀྱི་ཐོག་ཏུ་དྲངས་སོ༎