༡༣
དེ་ནས་དཱ་བིད་ཀྱིས་སྟོང་དཔོན་དང་། བརྒྱ་དཔོན་དང་། འགོ་བྱེད་ཀུན་དང་གྲོས་བྱས་ཟིན་ནས། ༢ ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ལ་དཱ་བིད་ཀྱིས། གལ་ཏེ་ཁྱེད་ཅག་ལ་ལེགས་པ་དང་། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་ཐུགས་དགོངས་ལྟར་ཡིན་ན། ད་ངེད་ཀྱིས་ཨིས་ར་ཨེལ་གྱི་ཡུལ་ཀུན་དུ་ལུས་ཡོད་པའི་སྤུན་རྣམས་དང་། བླ་མ་དང་། ལེ་ཝི་པ་རྣམས་ངེད་ཅག་གི་རྩར་འདུ་བའི་ཕྱིར། དེ་དག་གི་གྲོང་ཁྱེར་དང་ཡུལ་འཁོར་དུ་མི་རྫོང་བར་བྱའོ། ༣ ངེད་ཀྱི་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དེ་ངེད་ཀྱི་རྩར་ཕྱིར་འདྲེན་པར་བྱ། ཅིའི་ཕྱིར་ཞེ་ན། ཤ་ཨུལ་གྱི་དུས་སུ་ངེད་ཀྱིས་དེ་ལ་རྩད་མ་བཅད་པ་ཡིན་སྨྲས་པས། ༤ མི་ཐམས་ཅད་ཀྱི་མིག་ནང་དེ་ལ་རན་པར་གྱུར་བས། ཚོགས་ཡོངས་ཀྱིས། ངེད་ཀྱིས་དེ་བཞིན་དུ་བྱའོ་ཞུས་པ་དང་།༥ དཱ་བིད་ཀྱིས་ཁིར་ཡད་ཡེ་ཨ་རིམ་ནས་དཀོན་མཆོག་གི་སྒྲོམ་དེ་གདན་ཞུ་རྒྱུར། མི་སེར་གྱི་སི་ཧོར་ནས་ཧ་མད་ལམ་གྱི་བར་དུ་ཨིས་ར་ཨེལ་ཡོད་དོ་ཅོག་བསྡུས་ནས། ༦ དཱ་བིད་དང་ཨིས་ར་ཨེལ་ཚང་མ་ཡ་ཧུ་དཱའི་བ་ཨ་ལཱ་བྱ་བའི་ཁིར་ཡད་ཡེ་ཨ་རིམ་ནས། ཀེ་རུབ་རྣམས་ཀྱི་དབུས་སུ་མཆིས་པའི་ཡ་ཧོ་ཝཱ་ཞེས་པའི་མཚན་གྱིས་བརྗོད་པའི་དཀོན་མཆོག་གི་སྒྲོམ་དེ་གདན་འདྲེན་དུ་ཡར་ཕྱིན་ནས། ༧ ཨ་བི་ནཱ་དབ་ཀྱི་ཁྱིམ་ལས་དཀོན་མཆོག་གི་སྒྲོམ་དེ་ཕྱུང་སྟེ། ཤིང་རྟ་གསར་པ་ཞིག་ལ་བཀལ་བ་དང་། ཨུ་ཟཱ་དང་ཨ་ཧི་ཨོ་ཡིས་ཤིང་རྟ་དེད་པ་ཡིན། ༨ དཱ་བིད་དང་ཨིས་ར་ཨེལ་ཐམས་ཅད་ཀྱིས་དཀོན་མཆོག་གི་ཞལ་ངོར་སྟོབས་ཙམ་ཡོད་ཀྱིས་མགུར་དབྱངས་ལེན་ཞིང་། པི་ཝང་དང་། སྒྲ་སྙན་དང་། རྔ་དང་། སྦུག་ཆོལ་འཁྲོལ་གྱིན་དུང་འབུད་ཅིང་རྩེ་ཞིང་ཆས་ཏེ།
༩ ཁི་དོན་གྱི་གཡུལ་འཐག་ལ་བསླེབས་དུས་སུ། གླང་རྣམས་བུབས་པས། ཨུ་ཟཱས་སྒྲོམ་འཐམ་པའི་ཕྱིར་ལག་པ་བརྐྱངས། ༡༠ དེས་སྒྲོམ་ལ་ལག་པ་རེག་པས། ཨུ་ཟའི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་འབར་ནས། དེ་བཀུམ་པ་དང་། དཀོན་མཆོག་གི་ཞལ་ངོར་ཤིའོ། ༡༡ ཡ་ཧོ་ཝཱས་ཨུ་ཟཱ་ཧྲལ་བའི་རྐྱེན་གྱིས་དཱ་བིད་མི་དགའ་བར་གྱུར་ནས། ས་ཆ་དེའི་མིང་དུ་ཕེ་རེས་ཨུ་ཟཱ་བཏགས་ནས། དེ་རིང་གི་བར་དུ་ལུས་སོ། ༡༢ དེའི་ཉིན་མོར་དཱ་བིད་ཡ་ཧོ་ཝཱ་ལ་འཇིགས་ནས། ངའི་དྲུང་དུ་ཡ་ཧོ་ཝཱའི་སྒྲོམ་དེ་ངས་ཇི་ལྟར་གདན་འདྲེན་པར་བྱའོ་གསུངས་ནས། ༡༣ དཱ་བིད་ཀྱིས་སྒྲོམ་དེ་དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་རྩར་མ་བཞག་པར། གད་པ་ཨོ་བེད་ཨེ་དོམ་གྱི་ཁྱིམ་དུ་གདན་དྲངས་སོ། ༡༤ ཨོ་བེད་ཨེ་དོམ་གྱི་ཁང་པར་དཀོན་མཆོག་གི་སྒྲོམ་དེ་ཟླ་བ་གསུམ་ལུས་ནས། ཡ་ཧོ་ཝཱས་ཨོ་བེད་ཨེ་དོམ་གྱི་ཁྱིམ་དང་། དེ་ལ་བདོག་པ་ཐམས་ཅད་ལ་བྱིན་གྱིས་བརླབས་སོ༎