༡༢
དེའང་ཀིས་ཀྱི་བུ་ཤ་ཨུལ་གྱི་རྐྱེན་གྱིས་དཱ་བིད་ཡིབ་ཡོད་པའི་ཚེ། དམག་གི་དུས་སུ་སྟོང་གྲོགས་བྱེད་པའི་དཔའ་བོའི་ཁྲོད་ལས་འདི་རྣམས་ཙིག་ལག་ཏུ་དཱ་བིད་ག་ལ་བ་དེར་འོངས་སོ།  དེ་རྣམས་གཞུ་མོ་ཐོགས་ཤིང་། ལག་གཡས་གཡོན་གཉིས་པོས་རྡོ་བ་དང་མདའ་རྒྱབ་ནུས་པ་ཡིན། འདི་རྣམས་བེན་ཡ་མིན་པ་ཤ་ཨུལ་གྱི་ཕ་སྤུན་ནོ།  གི་བེ་ཨ་པ་ཤེམ་ཨ་ཡི་བུ་ཨ་ཧི་ཨེ་ཟེར་དང་ཡོ་ཨས་གཉིས་གཙོ་ཆེ་བ་སྟེ། དེ་ནས་ཨས་མ་ཝེད་ཀྱི་བུ་ཡེ་ཟི་ཨེལ་དང་། པེ་ལེད་དང་། ཨ་ན་ཐོད་པ་བེ་ར་ཀཱ་དང་ཡེ་ཧུ་དང་།  གི་བེ་ཨོན་པ་ཡིས་མ་ཡཱ་ནི་སུམ་ཅུའི་ཁྲོད་དུ་སྟོབས་ཆེ་བས། སུམ་ཅུའི་འགོ་དཔོན་དུ་ཡོད་པ་ཡིན། ཡང་ཡེ་རེམ་ཡཱ་དང་། ཡ་ཧ་ཟི་ཨེལ་དང་། ཡོ་ཧ་ནན་དང་། གེ་དེ་རད་པ་ཡོ་ཟ་བད་དང་།  ཨེ་ལི་ཨུ་ཟཱ་ཨི་དང་། ཡེ་རི་མོད་དང་། བེ་ཨལ་ཡཱ་དང་། ཤེ་མར་ཡཱ་དང་། ཧ་རུབ་པ་ཤེ་ཕད་ཡཱ་དང་།  ཀོ་རཱ་པ་ཨེལ་ཀཱ་ནཱ་དང་། ཡིས་སི་ཡཱ་དང་། ཨ་སར་ཨེལ་དང་། ཡོ་ཨེ་ཟེར་དང་། ཡ་ཤོ་བམ་དང་།  གེ་དོར་པ་ཡེ་རོ་ཧམ་གྱི་བུ་ཡོ་ཨེ་ལཱ་དང་། ཟེ་བད་ཡཱ་དང་།
 གད་པའི་ནང་ནས་མང་པོ་དཱ་བིད་ཀྱི་ཕྱོགས་སུ་འབྲོག་སྟོང་དུ་འགྲོ་བར་སོ་སོར་གྱེས་སོ། དེ་རྣམས་མི་དཔའ་བོ་དམག་རྩལ་ཆེ་བ། འཐབ་མོ་འགྱེད་ནུས་པ། ཕུབ་དང་མདུང་སྐོར་ཤེས་པ། སེང་གེའི་གདོང་ལྟ་བུའི་གདོང་པ་དང་ལྡན་པ། རིའི་ཤ་བ་ལྟར་རྐང་པ་ཤོགས་པོ་ཡོད་པ་ཡིན།  ཨེ་ཟེར་ནི་ཨང་གི་དང་པོ་སྟེ། གཉིས་པ་ཨོ་བད་ཡཱ། གསུམ་པ་ཨེ་ལི་ཨབ ༡༠ བཞི་པ་མིས་མན་ནཱ། ལྔ་པ་ཡེ་རེམ་ཡཱ ༡༡ དྲུག་པ་ཨད་ཐཱ་ཨི། བདུན་པ་ཨེ་ལི་ཨེལ ༡༢ བརྒྱད་པ་ཡོ་ཧ་ནན། དགུ་པ་ཨེལ་ཟ་བད ༡༣ བཅུ་པ་ཡེ་རེམ་ཡཱ། བཅུ་གཅིག་པ་མག་བན་ནཱ་ཨི ༡༤ དེ་རྣམས་གད་པའི་བུ་བརྒྱུད་ལས་དམག་དཔོན་ཏེ། ཆུང་ཤོས་ནི་བརྒྱ་དཔོན་དང་། ཆེ་ཤོས་ནི་སྟོང་དཔོན་དུ་ཡོད་པ་ཡིན། ༡༥ ཟླ་བ་དང་པོ་ལ་ཡོར་དན་གྱི་འགྲམ་གྱི་བར་དུ་ཆུ་རྒྱས་ཡོད་དུས་སུ་ཕ་རོལ་དུ་རྒལ་ནས་སོང་སྟེ། ཤར་དང་ནུབ་ཀྱི་ལུང་པའི་ནང་ན་གནས་པ་རྣམས་བསྐྲད་པ་རྣམས་འདི་དག་གོ།
༡༦ གཞན་ཡང་བེན་ཡ་མིན་དང་ཡ་ཧུ་དཱའི་བུ་བརྒྱུད་ཀྱི་ནང་ནས་ཁ་ཤས་རྫོང་གི་ནང་དུ་དཱ་བིད་ཀྱི་དྲུང་དུ་འོངས་བ་དང་། ༡༧ དཱ་བིད་དེ་དག་ལ་བསུར་ཐོན་ཏེ། དེ་དག་ལ། ཇི་སྟེ་ཁྱོད་ཅག་སེམས་གཙང་ཞིང་ང་ལ་ར་མདའ་བྱེད་དུ་ངའི་དྲུང་དུ་འོངས་པ་ཡིན་ན། ངའི་སྙིང་ཁྱོད་ཅག་དང་འདྲེ་བར་འགྱུར། ཇི་སྟེ་ངའི་ལག་ཏུ་སྐྱོན་མེད་བཞིན་དུ་ཁྱོད་ཚོས་ང་དགྲའི་ལག་པར་གཏད་དུ་འོངས་པ་ཡིན་ན། འོ་སྐོལ་གྱི་ཕ་མེས་ཀྱི་དཀོན་མཆོག་གིས་དེ་ལ་གཟིགས་ཤིང་། བཀའ་བཀྱོན་གནང་བར་ཤོག་ཅིག་ཅེས་སྨྲས་པ་ལས། ༡༨ དམག་དཔོན་སུམ་ཅུའི་གཙོ་ཡིན་པའི་ཨ་མ་སཱ་ཨི་ལ་ཐུགས་ཉིད་བབས་ནས་དེས། བདག་ཅག་ནི་དཱ་བིད་ཁྱེད་ཀྱི་ཡིན། ཨི་ཤཱའི་སྲས་ཀྱི་ཕྱོགས་པ་ཡིན། ཁྱེད་ལ་ཉིད་ཀྱི་དཀོན་མཆོག་གིས་སྟོང་གྲོགས་མཛད་པས། ཁྱེད་ལ་ནི་ཞི་བདེའི་ཞི་བདེ་མངའ་བར་ཤོག ཁྱེད་ཀྱི་ར་མདའ་འང་ཞི་བདེ་བར་ཤོག་ཅིག་ཅེས་བརྗོད་པས། དཱ་བིད་ཀྱིས་དེ་དག་ནང་དུ་བསྙེན་ཏེ། དམག་དཔོན་དུ་བྱས་སོ༎
༡༩ ཡང་མ་ན་ཤེ་པ་འགའ་ཞིག་དཱ་བིད་ཀྱི་ཕྱོགས་སུ་འོངས་སོ། དེའི་ཚེ་ཁོང་ཕེ་ལེ་ཤེད་པ་དང་ལྷན་ཅིག་ཏུ་ཤ་ཨུལ་ལ་དམག་འགྱེད་དུ་བྱོན་རུང་། དེ་དག་ལ་ར་མདའ་མ་བྱས་སོ། ཕེ་ལེ་ཤེད་པའི་ཇོ་བོ་དག་བགྲོས་ནས། ངེད་ཀྱི་མགོ་ནོན་ཕྱིར་ཁོ་ནི་རང་གི་རྗེ་བོ་ཤ་ཨུལ་གྱི་ཕྱོགས་སུ་འགྲོ་བར་འགྱུར་རོ་ཟེར་ཞིང་། ཁོང་འགྲོར་བཅུག་གོ། ༢༠ ཡང་ཁོང་ཙིག་ལག་ཏུ་འགྲོ་བ་ལས། མ་ན་ཤེའི་ནང་ནས་ཨད་ནཱ་དང་། ཡོ་ཟ་བད་དང་། ཡེ་དི་ཡཱ་ཨེལ་དང་། མི་ཀ་ཨེལ་དང་། ཡོ་ཟ་བད་དང་། ཨེ་ལི་ཧུ་དང་། ཙིལ་ལེ་ཐཱ་ཨིམ་ན་ཤེའི་ནང་སྟོང་དཔོན་ཡིན་པ་དེ་དག་ཁོང་གི་ཕྱོགས་སུ་འོངས་སོ། ༢༡ དེ་ཐམས་ཅད་དཔའ་རྩལ་ཅན་དང་བརྒྱ་དཔོན་ཡིན་པས། ཇག་པའི་ཚོགས་ལ་འཐབ་སྐབས་སུ་དཱ་བིད་ལ་ར་མདའ་བྱས་པ་ཡིན། ༢༢ དེ་ལྟར་དཱ་བིད་ལ་དཔུང་གྲོགས་བྱེད་མཁན་ཉིན་རེ་བཞིན་ཐེབ་འོངས་པས། དཀོན་མཆོག་གི་དམག་དཔུང་དང་འདྲ་བའི་དམག་དཔུང་ཆེན་པོ་ཞིག་ཏུ་གྱུར་ཏོ༎
༢༣ ཡང་ཡ་ཧོ་ཝཱའི་གསུང་བཞིན་དུ། ཤ་ཨུལ་གྱི་རྒྱལ་སྲིད་དེ་དཱ་བིད་ལ་སྦྱིན་དུ། དམག་གི་མཚོན་ཆ་དང་ལྡན་པའི་དཔུང་ཧེབ་རོན་དུ་ཁོང་གི་དྲུང་དུ་འོངས་ཏེ། མིའི་གྲངས་ནི་འདི་ལྟ་སྟེ། ༢༤ ཕུབ་དང་མདུང་བཀུར་ཏེ་དམག་ལ་འགྲོ་ཆོག་ཆོག་ཡོད་པའི་ཡ་ཧུ་དཱའི་བུ་དྲུག་སྟོང་དང་བརྒྱད་བརྒྱ། ༢༥ ཤིམ་ཨོན་གྱི་བུའི་ནང་ནས་དཔའ་རྩལ་དང་ལྡན་པ་བདུན་སྟོང་ཆིག་བརྒྱ། ༢༦ ལེ་ཝིའི་བུ་བརྒྱུད་ལས་བཞི་སྟོང་དྲུག་བརྒྱ། ༢༧ ཨ་རོན་པ་རྣམས་ཀྱི་འགོ་དཔོན་ཡེ་ཧོ་ཡ་དཱ་དང་བཅས་སུ་སུམ་སྟོང་བདུན་བརྒྱ། ༢༨ དམག་རྩལ་དང་ལྡན་པའི་གཞོན་ནུ་ཙ་དོག་དང་། དེའི་ཕ་སྤད་ཀྱི་དམག་དཔོན་ཉེར་གཉིས། ༢༩ ཤ་ཨུལ་གྱི་ཕ་སྤད་བེན་ཡ་མིན་གྱི་བུ་བརྒྱུད་ལས་སྟོང་གསུམ། དེ་ཅིའི་ཕྱིར་ཞེ་ན། དུས་དེ་ཙམ་གྱི་བར་དུ་ཡང་མི་ཕལ་ཆེར་ཤ་ཨུལ་གྱི་ཕ་སྤད་ཀྱི་ཕྱོགས་སུ་ཡོད་པ་ཡིན། ༣༠ དཔའ་རྩལ་ཅན་དང་རང་གི་ཕ་སྤད་ཀྱི་ནང་ན་མིང་གྲགས་དང་ལྡན་པ་ཨེབ་ར་ཨིམ་གྱི་བུ་བརྒྱུད་ལས་ཉི་ཁྲི་བརྒྱད་བརྒྱ། ༣༡ མ་ན་ཤེའི་སྡེ་ཕྱེད་ནས་སྟོང་ཕྲག་བཅོ་བརྒྱད་དོ། དཱ་བིད་རྒྱལ་པོར་སྐོ་རྒྱུར། དེ་དག་མིང་གསལ་གྱིས་བོས་པ་ཡིན་ནོ། ༣༢ ཡང་ཨི་ས་གར་གྱི་བུ་བརྒྱུད་ཀྱི་ནང་ནས་དུས་སྐབས་ཤེས་མཁན་དང་། ཨིས་ར་ཨེལ་པས་གང་བྱེད་དུ་རུང་བ་ཤེས་པའི་འགོ་བྱེད་ཉིས་བརྒྱ། དེ་དག་གི་ཕ་ཚན་གྱིས་དེ་དག་གི་བཀའ་ལ་ཉན་པ་ཡིན། ༣༣ ཟེ་བུ་ལོན་ལས་དམག་ལ་འཐོན་མཁན་དང་། འཐབ་མོར་གོམས་མཁན་མཚོན་ཆ་དང་ལྡན་པ་ཁྲི་ལྔ། དེ་རྣམས་དམག་གྲལ་སྒྲིག་ཤེས་པ་དང་། ཁ་གཏིང་མེད་པ་ཡོད་པ་ཡིན། ༣༤ ཡང་ནབ་ཐ་ལི་ནས་དམག་དཔོན་ཆིག་སྟོང་། དེ་དག་དང་མཉམ་དུ་ཕུབ་དང་མདུང་ཐོགས་པ་སྟོང་ཕྲག་སོ་བདུན། ༣༥ དཱན་གྱི་ནང་ནས་འཐབ་མོར་གོམས་མཁན་ཉི་ཁྲི་བརྒྱད་སྟོང་དྲུག་བརྒྱ། ༣༦ ཨ་ཤེར་ནས་དམག་ལ་འགྲོ་མཁན་དང་། འཐབ་མོའི་ཉམས་ཆུད་པ་བཞི་ཁྲི། ༣༧ ཡང་ཡོར་དན་ཕ་རོལ་ན་རུ་བེན་པ་དང་། གད་པ་དང་། མ་ན་ཤེའི་སྡེ་ཕྱེད་བཅས་པའི་ནང་ནས། དམག་ཆས་རིགས་ཚང་མ་ཡོད་པ་ཆིག་འབུམ་ཉི་ཁྲི་སྟེ།
༣༨ རུ་སྒྲིག་ཤེས་པའི་དམག་གི་སྐྱེ་བོ་དེ་དག་སྙིང་གཙང་སྟེ། དཱ་བིད་ནི་ཨིས་ར་ཨེལ་ཀུན་གྱི་རྒྱལ་པོར་འཇུག་ཏུ་ཧེབ་རོན་དུ་འོངས། དཱ་བིད་རྒྱལ་པོར་སྐོ་བར་ཨིས་ར་ཨེལ་གྱི་གཞན་མི་ཕྱི་ལུས་ཀུན་ཡང་སྙིང་གཅིག་གཅིག་གོ། ༣༩ དེ་ནས་དེ་དག་ཉིན་ཞག་གསུམ་གྱི་བར་དུ་དཱ་བིད་དང་ལྷན་ཅིག་ཏུ་ཟ་ཞིང་འཐུང་ཞིང་བསྡད་པ་ཡིན། ཅི་ལ་ཞེ་ན། དེ་དག་གི་སྤུན་རྣམས་ཀྱིས་དེ་དག་གི་ཆེད་དུ་ཁ་ཟས་གཡོས་པ་ཡིན། ༤༠ དེ་རྣམས་མ་ཟད་པར། དེ་དག་གི་གན་དུ་ཡོད་པའི་ཨི་ས་གར་དང་། ཟེ་བུ་ལོན་དང་། ནབ་ཐ་ལི་ཐུག་གི་མི་རྣམས་ཀྱིས་བོང་བུ་དང་། རྔ་མོང་དང་། དྲེལ་དང་། གླང་རྣམས་ལ་བག་ལེབ་དང་། རྒྱགས་དང་། ཟ་རྒྱུ་དང་། སེ་ཡབ་ཀྱི་བག་ལེབ་དང་། རྒུན་འབྲུམ་གྱི་ཕོན་པོ་དང་། རྒུན་ཆང་དང་། འབྲུ་མར་བཀལ་ནས། གླང་དང་ལུག་མོད་པོ་ཁྲིད་འོངས་སོ། དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་ཡུལ་གྱི་ནང་ན་བདེ་སྐྱིད་བྱུང་བའི་ཕྱིར་རོ༎