༡༡
དེ་ནས་ཨིས་ར་ཨེལ་པ་ཐམས་ཅད་ཧེབ་རོན་དུ་དཱ་བིད་ཀྱི་དྲུང་དུ་ལྷགས་ནས། ཁོང་ལ། གཟིགས་དང་། བདག་ཅག་ནི་ཁྱེད་ཀྱི་གདུང་རུས་དང་སྐུ་ཤ་སྟེ། ༢ སྔོན་ཤ་ཨུལ་རྒྱལ་པོར་ཡོད་དུས་སུ། ཁྱེད་ཉིད་ཀྱིས་ཨིས་ར་ཨེལ་ཕྱི་ནང་ཀུན་ཏུ་ཁྲིད་པ་ཡིན། ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ། ཁྱོད་ཀྱིས་ངའི་མི་སྡེ་ཨིས་ར་ཨེལ་འཚོ་ཞིང་། ཨིས་ར་ཨེལ་པའི་རྗེ་དཔོན་དུ་འགྱུར་བར་འགྱུར་རོ། གསུངས་པ་ཡིན་ཞུས་པ་དང་། ༣ ཨིས་ར་ཨེལ་གྱི་རྒན་རབས་རྣམས་ཧེབ་རོན་དུ་རྒྱལ་པོའི་དྲུང་དུ་འོངས་པ་ལས། དཱ་བིད་ཀྱིས་ཡ་ཧོ་ཝཱའི་ཞལ་ངོར་དེ་དག་དང་ཆད་དོན་བྱས་ནས། ཡ་ཧོ་ཝཱས་ཤ་མུ་ཨེལ་གྱི་ངག་གི་སྒོ་ནས་གསུངས་པ་བཞིན་དུ། ཨིས་ར་ཨེལ་གྱི་རྒྱལ་པོར་འཇུག་པར་སྣུམ་གྱིས་བྱུགས་ཏེ།༤ དཱ་བིད་དང་ཨིས་ར་ཨེལ་པ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་ཕྱིན་པ་ཡིན། ཡེ་བུས་པ་རྣམས་དེར་གནས་པས། དེའི་མིང་ཡེ་བུས་ཞེས་ཟེར་རོ། ༥ ཡེ་བུས་པས་དཱ་བིད་ལ། ཁྱོད་གྲོང་ཁྱེར་འདིའི་ནང་དུ་འོང་བར་མི་ནུས་སོ། སྨྲས་མོད། དཱ་བིད་ཀྱིས་ཙི་ཨོན་གྱི་རྫོང་བཟུང་བས། དེ་ནི་དཱ་བིད་ཀྱི་གྲོང་ཁྱེར་དུ་གྱུར་ཏོ། ༦ དེར་དཱ་བིད་ཀྱིས། གང་གིས་ཡེ་བུས་པ་སྔོན་དུ་གསོད་ན། དེ་ནི་འགོ་དཔོན་དང་དམག་དཔོན་དུ་བྱའོ་བསྒོ་བས། ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་བྱ་བས་སྔོན་དུ་དམག་འཐབ་པས། དམག་དཔོན་དུ་གྱུར་ཏོ། ༧ དཱ་བིད་རྫོང་དེའི་ནང་དུ་བཞུགས་པའི་རྐྱེན་གྱིས། དེའི་མིང་དུ་དཱ་བིད་ཀྱི་གྲོང་ཁྱེར་ཞེས་བཏགས་སོ། ༨ ཡང་ཁོང་གིས་མིལ་ལཱོའི་མཐའ་གྱང་ནས་བཟུང་སྟེ། གྲོང་ཁྱེར་གྱི་མཐའ་འཁོར་དེ་བརྩིགས་པ་ཡིན། ཡོ་ཨབ་ཀྱིས་གྲོང་ཁྱེར་གྱི་བཞིག་སོས་བྱས་སོ། ༩ དཔུང་ཆེན་གྱི་ཡ་ཧོ་ཝཱ་དཱ་བིད་དང་འགྲོགས་ཏེ། དཱ་བིད་ཀྱི་དབང་གོང་ནས་གོང་དུ་འཕེལ་ལོ༎
༡༠ ཡང་དཱ་བིད་ལ་ཡོད་པའི་དཔའ་བོ་རྩལ་ཅན་རྣམས་ཀྱིས་ཁོང་དང་ཨིས་ར་ཨེལ་གྱི་རྒྱལ་སྲིད་ལ་ཤེད་བཅུག་གོ། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ཆེད་དུ་གསུངས་པ་བཞིན་དུ། དེ་དག་གིས་ཁོང་ནི་རྒྱལ་པོར་བཅུག་གོ། ༡༡ དཱ་བིད་ལ་ཡོད་པའི་དཔའ་བོ་རྩལ་ཅན་གྱི་གྲངས་ནི། ཧག་མོ་ནི་ཡི་བུ་ཡ་ཤོ་བམ་བྱ་བ་དེ་ནི་སུམ་ཅུའི་ཁྲོད་དུ་གཙོ་ཆེ་བ་སྟེ། དེས་ནི་སྐྱེས་པ་སུམ་བརྒྱའི་ཐོག་ཏུ་གདུང་སྤར་ནས། དེ་ཚང་མ་ཐེང་གཅིག་ལ་བསད་པ་ཡིན། ༡༢ དེའི་འོག་ཏུ་ཨ་ཧོ་པ་དོ་དོ་ཡི་བུ་ཨེལ་ཨ་ཟར། དེ་ནི་དཔའ་བོ་གསུམ་གྱི་ནང་ནས་གཅིག་སྟེ། ༡༣ ཁོ་དཱ་བིད་དང་མཉམ་དུ་པས་ད་མིམ་དུ་ཕྱིན་པ་དང་། དེར་ཕེ་ལེ་ཤེད་པ་འཐབ་ཏུ་འདུས་ཡོད་པ་ཡིན། ཡང་དེར་འབྲུ་ནས་སྤུངས་པའི་ཞིང་ཞིག་ཡོད་དེ། མི་རྣམས་ཕེ་ལེ་ཤེད་པའི་དྲུང་ནས་བྲོས་པ་དང་། ༡༤ དེ་དག་ཞིང་དེའི་དཀྱིལ་དུ་ལངས་ཏེ། ཞིང་དེ་བསྲུང་ནས། ཕེ་ལེ་ཤེད་པ་རྣམས་བསད་དེ། ཡ་ཧོ་ཝཱའི་སྐྱབས་ཆེན་པོས་དེ་དག་བསྲུངས་སོ༎
༡༥ ཡང་ཕེ་ལེ་ཤེད་པའི་དམག་དཔུང་རེ་ཕ་ཨིམ་ལུང་པ་རུ་སྒར་ཕབ་སྟེ་ཡོད་པ་ལས། དམག་དཔོན་སུམ་ཅུའི་ནང་ནས་འདི་གསུམ་པོ་ཨ་དུལ་ལམ་བྱ་བའི་བྲག་ཕུག་ཏུ་དཱ་བིད་གང་ན་བར་ཕྱིན་པ་ཡིན། ༡༦ དེའི་དུས་སུ་དཱ་བིད་རྫོང་གི་ནང་དུ་དང་། ཕེ་ལེ་ཤེད་པའི་སོ་པ་རྣམས་བེད་ལེ་ཧེམ་དུ་ཡོད་པ་ཡིན། ༡༧ དེར་དཱ་བིད་ཀྱིས་དུང་དུང་བྱེད་ཅིང་དེ་དག་ལ། ཀྱེ་ཧོ། སུས་ཀྱང་བེད་ལེ་ཧེམ་སྒོ་དྲུང་གི་ཁྲོན་པའི་ཆུ་ཧུབ་གང་ང་ལ་འཐུང་ཕྱིར་འཁུར་འོང་ན་ལོས་པ། ཞེས་སྨྲས་པ་ལས། ༡༨ དཔའ་བོ་དེ་གསུམ་པོ་ཕེ་ལེ་ཤེད་པའི་དམག་དཔུང་བཤགས་ནས་སོང་སྟེ། བེད་ལེ་ཧེམ་སྒོའི་ཁྲོན་པ་ལས་ཆུ་བཅུས་ཏེ་འཁུར་འོངས་ནས། དཱ་བིད་ལ་ཕུལ་ཏོ། འོན་ཀྱང་ཁོང་གིས་དེ་ལས་བཏུང་དུ་མ་དགའ་བར། ཡ་ཧོ་ཝཱའི་དྲུང་དུ་ཕོས་ནས། ༡༩ ཁོང་གིས། ངས་འདི་འདྲ་བྱེད་པ་ལས་ངའི་དཀོན་མཆོག་གིས་སྲུང་བར་ཤོག འདི་ནི་རང་སྲོག་ལ་རྩེད་མོ་རྩེས་ནས་སོང་བའི་མིའི་ཁྲག་མིན་ནམ་གསུངས་ནས། དེ་ལས་བཏུང་སྙིང་མ་འགྲོའོ། དཔའ་བོ་དེ་གསུམ་པོས་དེ་འདྲའི་ལས་ཀྱང་བྱས་སོ༎
༢༠ ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི། ཡོ་ཨབ་ཀྱི་ནུ་བོ་དེ་ཡང་དཔའ་བོ་གསུམ་པོའི་ནང་ནས་འགོ་དཔོན་ཞིག་ཡིན་ཏེ། དེས་མི་སུམ་བརྒྱ་ལ་མདུང་བརྒྱབ་ནས་བསད་པས། གསུམ་གྱི་ནང་དུ་མིང་ཆེ་བར་སོང་ངོ་། ༢༡ གཞན་གཉིས་པོ་ལས་འདི་དཔའ་གཟེངས་དང་ལྡན་ཏེ། དེ་གཉིས་ཀྱི་འགོ་དཔོན་དུ་གྱུར་རུང་། སྔ་མ་གསུམ་པོ་དང་འདྲ་བར་མ་གྱུར་ཏོ༎
༢༢ ཡང་ཁབ་ཙེ་ཨེལ་པ་དཔའ་བོ་ཆེན་པོའི་བུའམ། ཡེ་ཧོ་ཡ་དཱའི་བུ་བེ་ནཱ་ཡཱས་མོ་ཨབ་པ་ཨ་རི་ཨེལ་གྱི་བུ་གཉིས་བསད་པ་ཡིན། ཡང་དགུན་དུས་སུ་ཕུག་པ་ཞིག་གི་ནང་དུ་བབས་ཏེ། སེང་གེ་ཞིག་ཀྱང་བསད་པ་ཡིན། ༢༣ ཡང་དེས་མི་སེར་པ་སྒོ་ཁྲུ་ལྔ་ཡོད་པ་ཞིག་ཀྱང་བསད་དོ། མི་སེར་པ་དེའི་ལག་པ་ལ་ཀ་བ་ལྟ་བུའི་མདུང་ཡོད་རུང་། འདིས་བེར་ཀ་འཁུར་ནས། དེ་ལ་རྒོལ་དུ་སོང་ནས། མི་སེར་པའི་ལག་པ་ལས་མདུང་བཀོག་སྟེ། དེ་ནི་དེ་རང་གི་མདུང་གིས་བསད་དོ། ༢༤ ཡེ་ཧོ་ཡ་དཱའི་བུ་བེ་ནཱ་ཡཱས་དེ་འདྲ་བྱས་པས། དེ་ནི་དཔའ་བོ་གསུམ་གྱི་ནང་ན་མིང་གྲགས་ཆེ་བར་གྱུར་ཏོ། ༢༥ དེ་ནི་སུམ་ཅུའི་ནང་ན་མིང་ཆེ་ཡང་། སྔ་མ་གསུམ་པོའི་ཚད་དུ་མ་ཕྱིན་ཏེ། དཱ་བིད་ཀྱིས་དེ་ནི་སྐུ་བསྲུང་པ་དག་གི་དཔོན་པོར་བཞག་པ་ཡིན།
༢༦ ད་དམག་དཔུང་ནང་གི་དམག་རྩལ་ཆེ་བ་རྣམས་ནི། ཡོ་ཨབ་ཀྱི་ནུ་བོ་ཨ་ས་ཧེལ་དང་། བེད་ལེ་ཧེམ་པ་དོ་དོའི་བུ་ཨེལ་ཧ་ནན་དང་། ༢༧ ཧ་རོད་པ་ཤམ་མོད་དང་། པེ་ལོན་པ་ཧེ་ལེས་དང་། ༢༨ ཏེ་ཀོ་ཨ་པ་ཨིག་ཀེས་ཀྱི་བུ་ཨི་རཱ་དང་། ཨ་ན་ཐོད་པ་ཨ་བི་ཨེ་སེར་དང་། ༢༩ ཧུ་ཤད་པ་སིབ་བེ་ཀཱ་ཨི་དང་། ཨ་ཧོ་པ་ཨི་ལཱ་ཨི་དང་། ༣༠ ནེ་ཏོ་ཕད་པ་མ་ཧ་རཱ་ཨི་དང་། ནེ་ཧོ་ཕད་པ་བ་ཨ་ནཱ་ཡི་བུ་ཧེ་ལེད་དང་། ༣༡ བེན་ཡ་མིན་པའི་གི་བེ་ཨ་པ་རི་བཱ་ཨི་ཡི་བུ་ཨིད་ཏཱ་ཨི་དང་། པི་ར་ཐོན་པ་བེ་ནཱ་ཡཱ་དང་། ༣༢ གཱ་ཨས་ལུང་པ་པ་ཧུ་རཱ་ཨི་དང་། ཨ་ར་བཱ་པ་ཨ་བི་ཨེལ་དང་། ༣༣ བ་ཧཱ་རུམ་པ་ཨས་མ་ཝེད་དང་། ཤ་ཨལ་བོན་པ་ཨེལ་ཡ་བཱ་དང་། ༣༤ གི་ཟོན་པ་ཧ་ཤེམ་གྱི་བུ་རྣམས་དང་། ཧ་རར་པ་ཤ་གེ་ཡི་བུ་ཡོ་ན་ཐན་དང་། ༣༥ ཧ་རར་པ་ས་ཀཱར་གྱི་བུ་ཨ་ཧི་ཡམ་དང་། ཨུར་གྱི་བུ་ཨེ་ལི་ཕལ་དང་། ༣༦ མེ་ཁེ་རད་པ་ཧེ་ཕེར་དང་། པེ་ལོན་པ་ཨ་ཧི་ཡཱ་དང་། ༣༧ ཀར་མེལ་པ་ཧེས་རོ་དང་། ཨས་བཱ་ཨི་ཡི་བུ་ན་ཨེ་རཱ་ཨི་དང་། ༣༨ ནཱ་ཐན་གྱི་སྤུན་ཟླ་ཡོ་ཨེལ་དང་། ཧག་རིའི་བུ་མིབ་ཧར་དང་། ༣༩ ཨམ་མོན་པ་ཙེ་ལེག་དང་། བེ་ཨེ་རོད་པ་ན་ཧ་རཱ་ཨི། ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱི་གོ་ཁྲབ་འཁུར་མཁན་དང་། ༤༠ ཡེད་རི་པ་ཨི་རཱ་དང་། ཡེད་རི་པ་ག་རེབ་དང་། ༤༡ ཧེད་པ་ཨུ་རི་ཡཱ་དང་། ཨ་ཧེ་ལཱ་ཨིའི་བུ་ཟཱ་བད་དང་། ༤༢ རུ་བེན་པ་སུམ་ཅུའི་དམག་དཔོན་ཤི་ཟཱ་ཡི་བུ་ཨ་དི་ནཱ་དང་། ༤༣ མ་ཨ་ཀཱ་ཡི་བུ་ཧ་ནན་དང་། མིད་ནི་པ་ཡེ་ཧོ་ཤ་ཕད་དང་། ༤༤ ཨས་ཐེ་རོད་པ་ཨུ་ཟི་ཡཱ་དང་། ཨ་རོ་ཨེར་པ་ཧོ་ཐམ་གྱི་བུ་ཤམ་མཱ་དང་ཡེ་ཧི་ཨེལ་དང་། ༤༥ ཤིམ་རིའི་བུ་ཡེ་དི་ཡཱ་ཨེལ་དང་། དེའི་སྤུན་ཟླ་ཐིས་པ་ཡོ་ཧཱ་དང་། ༤༦ མ་ཧ་ཝིམ་པ་ཨེ་ལི་ཨེལ་དང་། ཨེལ་ན་ཨམ་གྱི་བུ་ཡེ་རི་བཱ་ཨི་དང་། ཡོ་ཤབ་ཡཱ་དང་། མོ་ཨབ་པ་ཡེད་མཱ་དང་། ༤༧ མེ་ཙོབ་ཡཱ་པ་ཨེ་ལི་ཨེལ་དང་། ཨོ་བེད་དང་། ཡ་ཨ་སི་ཨེལ་དང་བཅས་པ་རྣམས་ནི་དཱ་བིད་ཀྱི་དཔའ་བོ་རྣམས་སོ༎